སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་དང་། སྦེང་ལོར་ཁྱབ་ཁོངས་བཅས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ནས་ཚེས་ ༢༨ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁྱབ་ཁོངས་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཁྱབ་ཁོངས་དང་བཅས་ལ་སྐབས་དེའི་གཟིགས་བསྐོར་ཕྱོགས་བསྐྱོད་ཐེངས་གཉིས་པ་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༨ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༩ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ལྷོ་སྤྱི་ལས་ཁུངས་ལ་འཚམས་གཟིགས་དང་། ཏྰ་ལའི་བླ་མའི་མཐོ་སློབ་ལ་གཟིགས་བསྐོར་གནང་རྗེས་སློབ་མ་ཚོར་གསུང་བཤད་གནང་ཡོད་པ་དང་། དེ་ནས་ནང་སྲིད་ཁྱབ་ཁོངས་ནི་ལ་མངྒ་ལ་ལག་ཤེས་སྦྱོང་བརྡར་ཁང་ལ་གཟིགས་བསྐོར་དང་གསུང་བཤད། དེ་བཞིན་བོད་ཁྱིམ་སློབ་གྲྭའི་སློབ་མ་དང་སྦེང་ལོར་གནས་སྡོད་ཚོང་པ་རྣམས་ལ་གསུང་བཤད་གནང་ཡོད་འདུག

རིམ་བཞིན་ལས་རིམ་ལྟར་མའེ་སོར་མཐོ་སློབ་སློབ་མ་རྣམས་དང་མཇལ་འཕྲད་དང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་ཁྲིམས་ཞིབ་ཁང་། རྒས་གསོ་ཁང་། མཉམ་འབྲེལ་གྱི་ལས་གཞི་ཁག  འཚོ་བྱེད་སྨན་ཁང་། ས་གནས་སྨན་རྩིས་ཁང་། ཀ་རུ་ན་དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁང་། གཞུང་ཞབས་བགྲེས་ཡོལ་ལས་ཤག་དང་། གསར་འབྱོར་སྡོད་གནས། གཏན་སློབ་དང་སམ་བྷོ་ཊའི་སློབ་གྲྭ། བོད་ཁྱིམ་སློབ་གྲྭ། གཞིས་ཆགས་ཉམ་ཐག་སྡོད་ཁྱིམ། དེ་བཞིན་དགོན་སྡེ་ཁག་བཅས་ལ་གཟིགས་ཞིབ་དང་གནས་སྟངས་རྒྱུས་ལོན་མཐིལ་ཕྱིན་གནང་ཡོད་པ་མ་ཟད། སློབ་ཕྲུག་དང་། དགེ་འདུན་པ། མི་མང་བཅས་ཀྱི་འདུ་འཛོམས་ཁག་སོ་སོར་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་འདུག་པ་དང་། དེ་བཞིན་གཞིས་ཆགས་ཁྱབ་ཁོངས་དགོན་སྡེ་ཁག་ལའང་མཆོད་མཇལ་ཕེབས་གནང་ཡོད་འདུག

ས་བགོས་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། ལུགས་བསམ་ས་གནས་འགོ་འཛིན་གྱིས་གཙོས་ལས་ཀྱི་སྣེ་མོ་བ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། སློབ་ཕྲུག་དང་། སེར་སྐྱ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༧ ཙམ་གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་སྲིད་བྱུས། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་གནས་བབ་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༠ རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་གནང་ཡོད་འདུག

ད་རེས་སྤྱི་འཐུས་རྣམ་གཉིས་ཕྱོགས་བསྐྱོད་ཕེབས་སྐབས་སུ་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོ་ནས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །

 

Menu