སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༣ ནས་ཚེས་ ༢༦ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེང་ལོར་ནང་རྟེན་གཞི་བྱས་པའི་མེང་ལོར་མཐོ་སློབ་དང་། སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་སློབ། དེ་བཞིན་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་དང་། དེའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྡ་ས་དང་། སྒང་ཏོག་ས་གནས་སོ་སོ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་མེང་ལོར་དུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ་མེང་ལོར་མཐོ་སློབ་ཏུ་ལས་རིམ་དང་། དེ་རྗེས་ཕྱི་ཚེས་ ༡༧ ནས་ ༢༤ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་ལྟར་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྣམ་པ་གཉིས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

Menu