སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་གཞུང་འབྲེལ་ཕྱོགས་ཕེབས།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ས་བགོས་ལྟར་སྒང་ཏོག་ཁུལ་དུ་གཞུང་འབྲེལ་ཕེབས་ཐོན་གྱིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ ༢ ཚེས་ ༢༠ ཉིན་འབྱོར་ཏེ། ས་གནས་འགོ་འཛིན་དང་གོ་བསྡུར་གྱིས་ལས་རིམ་ཁག་གཏན་འབེབས་གནང་རྗེས། བོད་མིའི་འདུ་གནས་རྣམས་ལ་གཟིགས་སྐོར་དང་། ཚེས་ ༢༢ ཉིན་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་བྱས་པའི་ངོ་རྒོལ་སྐད་འབོད་དུ་མཉམ་ཞུགས་གནང་བ་མ་ཟད། ཁུལ་དེའི་མང་ཚོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་གནང་བའི་ཟས་བཅད་ངོ་རྒོལ་གྱི་དགོས་དམིགས་གསལ་བཤད་གནང་བ་དང་ཆབས་ཅིག ཟས་བཅད་ངོ་རྒོལ་ནང་དུ་ཡང་མཉམ་ཞུགས་གནང། ཚེས་ ༢༥ ནས་ཉིན་གྲངས་དྲུག་རིང་སིཀྐིམ་ལ་ཆེན་དང། ལ་ཆུང། མན་སྒན། མུ་ཤི་ཐང། རྩ་སྟེང། སྒང་ཏོག ར་ཝང་ལ་ཁུལ་དུ་ཕེབས་སྐབས་སྤྱི་པའི་ཚོགས་ཁང་ངམ་སྒེར་གྱི་སྡོད་ཁང་ཁག་ཏུ་མི་མང་ཐུག་འཕྲད་དང།  དེ་བཞིན་སམ་བྷོ་ཊའི་སློབ་གྲྭ་དང། ར་ཝང་ལ་དབུས་བོད་མིའི་སློབ་གྲྭ་གཉིས་ལ་ཕེབས་ཏེ་དགེ་ལས་སློབ་ཕྲུག་མཉམ་འཛོམས་ཀྱིས་ཕན་ཚུན་གོ་བསྡུར་ལྷུག་པོར་གནང་བ་མ་ཟད། ལྷག་པར་དུ་སིཀྐིམ་རྒྱ་གར་དབུས་གཞུང་གྲོས་ཚོགས་འོག་མའི་བློན་ཆེན་ P.D.Rai དང་མཇལ་འཕྲད་གནང་སྟེ་ཁོང་ལ་ད་ལྟའི་བོད་ནང་གི་གནས་སྟངས་གསལ་བཤད་གནང་བ་དང་སྦྲགས། ཁོང་དང་ཁོང་གི་གཞུང་གིས་བོད་མི་རྣམས་ལ་གཟིགས་སྐྱོང་དང་རོགས་རམ་གང་ལེགས་གནང་བའི་རེ་སྐུལ་ཡང་ཞུས་ཡོད་པ་རེད།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།

གཞན་ཡང་སྤྱི་འཐུས་མཆོག་ལ་གོང་གསལ་ས་གནས་ཁག་ནས་དཀའ་སེལ་ཞུ་དོན་དུ། དཔྱ་དངུལ་ལག་དེབ་དུས་འགྱངས་སམ་གསར་པ་བཟོ་ཆེད་དུ་ཞུ་སྙན་འབུལ་བར་བོད་མིའི་སྐྱབས་བཅོལ་ལག་དེབ་དགོས་པའི་ཆ་རྐྱེན་ལ་བསྒྱུར་བཅོས་དགོས་ཚུལ་དང། དཔྱ་དངུལ་སྒོར་ ༥༨ ནས་སྤར་ཏེ་སྒོར་ ༡༠༠ བཟོ་དགོས་རྒྱུའི་དགོངས་ཚུལ། གཞན་ཡང་དགེ་རྒན་དང་སློབ་གྲྭའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ཞུས་རིགས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་གསེང་ཞུས་ཏེ་དཀའ་སེལ་མཇུག་སྐྱོང་དགོས་རིགས་རྣམས་འཛིན་སྐྱོང་བཀའ་ཤག་དང་འབྲེལ་ཡོད་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།།

Menu