
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ཏི་ཛུ་ས་གནས་རྫོང་དཔོན་སྐུ་ཞབས་སྐལ་བཟང་དངོས་གྲུབ་མདའ་མོ་ (Tezu Deputy Commissioner Mr. Kesang Ngorup Damo) མཆོག་གི་གཟིམ་ཁང་དུ་ཆེད་བཅར་ཞུས་ཏེ། མཇལ་དར་དང་ཐང་ཀ་སོགས་ལེགས་སྐྱེས་ཕུལ་བ་དང་། དེ་བཞིན་བོད་པའི་གནས་སྟངས་དང་དཀའ་ངལ་སྐོར། ཁྱད་པར་དུ་ཉེ་ཆར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་སྐོར་སྙན་གསན་ཞུས་འདུག

སྐབས་དེར་སྐུ་ཞབས་ཁོང་གིས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་གསོལ་ཇ་འདེགས་འབུལ་དང་སྣེ་ལེན་གཟབ་རྒྱབ་གནང་བ་སོགས་བློ་ཐག་ཉེ་བོའི་ཐོག་ནས་བཀའ་མོལ་ལྷུག་པོ་གནང་ཡོད་འདུག
མཇལ་འཕྲད་སྐབས་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ལྷན་བཅར་ཞུས་འདུག་པ་བཅས།