༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ནས་ ༡༩ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་། བསུ་ན་མདའ་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལི་ནས་ཤི་ལི་གྷུ་རིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་སྤྱི་འཐུས་རྣམ་གཉིས་ཤི་ལི་གྷུ་རི་ནས་ཕེབས་ཐོན་གནང་སྟེ། ཁར་ཤང་དང་། བསུ་ན་མདའ་གཉིས་སུ་ལས་རིམ། ཕྱི་ཚེས་ ༡༦ ཉིན་མི་རིག་དང་། སུ་ཁེ། སྤོང་རི་སྤོང་བཅས་སུ་ལས་རིམ། ཕྱི་ཚེས་ ༡༧ ཉིན་མ་ཎི་བྷ་ཇང་དང་། ཅི་ཏི་རེ། གུམ་བཅས་སུ་ལས་རིམ། ཕྱི་ཚེས་ ༡༨ ཉིན་རྡོར་གླིང་ཁུལ་དུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་སྤྱི་འཐུས་རྣམ་པ་གཉིས་རྡོར་གླིང་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །