༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ནས་ཟླ་ ༩ ཚེས་ ༥ བར་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ས་བགོས་ཁྱབ་ཁོངས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ། མེངྒ་ལོར་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་གཉིས་ལྡི་ལི་ནས་སྦེང་ལོར་དུ་ཕེབས་ཐོན་གྱིས་ཕྱི་དྲོ་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་འབྱོར་མཚམས། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ནས་སྣེ་ལེན་དང་། ཕྱོགས་བསྐྱོད་ལས་རིམ་གོ་བསྡུར་སོགས་གནང་བ་དང་། དགོང་མོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་བཅས་ལྷན་ལྷོ་སྤྱི་ལས་ཁུངས་ནས་དགོང་ཚིགས་འདེགས་འབུལ་ཞུས་པ་དང་། དེ་བཞིན་གོང་འཁོད་ས་གནས་གཞན་ཁག་ཏུ་ཕེབས་འབྱོར་སྐབས་འབྲེལ་ཡོད་འགན་ཁུར་བ་དང་ལས་སྣེ་རྣམས་ནས་བསུ་སྐྱེལ་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཡིག་ཚང་། སློབ་ཕྲུག་སྡོད་ཁང་བཅས་སུ་གཟིགས་བསྐོར་དང་། དེ་རྗེས་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་མི་མང་དང་སློབ་ཕྲུག་ ༦༠ ལྷག་འདུ་འཛོམས་སར་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་དྲི་བར་ལན་འདེབས་སོགས་གནང་ཡོད་པ་དང་། ཕྱི་དྲོ་སྦེང་ལོར་ཀོ་ར་མངྒ་ལ་སྨན་རྩིས་ཁང་དང་། སྦེང་ལོར་མཧཱ་ལཀྴ་མི་སྨན་རྩིས་ཁང་བཅས་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན། དམིགས་བསལ་སྨན་པ་གཉིས་ལྷན་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་རྒྱུན་འཛིན་གནང་ཕྱོགས་སྐོར་སོགས་ལ་གོ་བསྡུར་ཞིབ་ལྷུག་གནང་ཡོད་པ་དང་། དེ་རྗེས་དྷུ་བྷ་ཡི་པླཛ་ (Dubai Plaza) རུ་ཡོད་པའི་བོད་ཀྱི་ཁྲོམ་སར་ (Tibet Bazaar) གཟིགས་བསྐོར་དང་གནས་སྟངས་ཁག་ལ་རྒྱུས་ལོན་དང་། ཕྱི་ཚེས་ ༢༦ ཉིན་སྦེང་ལོར་ཤི་ཝ་ཇི་ན་གྷར་དུ་ཡོད་པའི་བོད་མིའི་བལ་གོས་ཁྲོམ་ར་དང་། བོད་ཀྱི་ཁྲོམ་རའམ་ (Tibet Mall) བཅས་ལ་གཟིགས་བསྐོར་དང་། གནས་སྟངས་རྒྱུས་ལོན་གནང་ཡོད་འདུག
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ལྷོ་སྤྱི་ལས་ཁུངས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་ཐོན་གནང་བ་དང་། དེར་མཐོ་སློབ་ཀྱི་ངེས་སྟོན་པ་སྤྱི་ཟུར་བུ་མོ་ཚེ་རིང་མཆོག་དང་ཕྱག་རོགས་སོགས་ལྷན་མཐོ་སློབ་ཀྱི་སྐོར་ལ་གོ་བསྡུར་དང་སྡེ་ཚན་ཁག་ཡོངས་རྫོགས་ལ་གཟིགས་བསྐོར་གནང་རྗེས། མའེ་སོར་གྲོང་ཁྱེར་དུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ། བོད་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལྷན་མའེ་སོར་དུ་ཡོད་པའི་བོད་པའི་མཐོ་རིམ་སློབ་ཕྲུག་རྣམས་ཀྱི་གནས་སྟངས་སྐོར་རྒྱུས་ལོན་དང་།
དགོང་མོ་སློབ་ཕྲུག་ ༥༠ ལྷག་འདུ་འཛོམས་སར་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། དྲི་བར་ལན་འདེབས་སོགས་གནང་བ་མ་ཟད། སློབ་ཕྲུག་སྒེར་པ་ཁག་ཅིག་ནས་དཀའ་ངལ་བདེ་སྡུག་སོགས་སྐོར་ཟུར་འབྲེལ་ཞུས་པར་ལམ་སྟོན་དང་གསལ་བཤད་གནང་ཡོད་འདུག སྦེང་ལོར་ནས་མའེ་སོར་བར་དུ་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ལས་ཀརྨ་དགེ་ལེགས་ལྷན་བཅར་ཞུས་གནང་འདུག
ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་མའེ་སོར་ནས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། གཞིས་ལས་ཁང་དང་མཉམ་འབྲེལ་ལས་ཁུངས་བཅས་ལ་གཟིགས་བསྐོར་དང་། དེ་རྗེས་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བླ་སྤྱི་དང་། སེ་ར་སྨད། སེར་བྱེས་བཅས་སུ་མཆོད་མཇལ་དང་ཕྱག་མཛོད་ཁང་སོ་སོར་ཕེབས་གནང་ཡོད་པ་དང་། ཕྱི་དྲོ་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དང་། བཙུན་དགོན་མཚོ་རྒྱལ་གླིང་གཉིས་སུ་མཆོད་མཇལ།
དེ་ནས་རིམ་བཞིན་རྒས་གསོ་ཁང་དང་། འཚོ་བྱེད་སྨན་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་སུ་གཟིགས་སྐོར་དང་གནས་བབ་ཁག་ལ་རྒྱུས་ལོན་གནང་རྗེས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བཤད་གྲྭའི་ཚོགས་ཁང་དུ་དགེ་འདུན་དང་བཙུན་མ་ ༢༠༠༠ ལྷག་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། དྲི་བར་ལན་འདེབས་གནང་ཡོད་པ་དང་། དེ་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་འདུན་ ༡༥༠༠ ཙམ་འདུ་འཛོམས་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་སྔ་དྲོ་ལུགས་བསམ་གཞིས་གྲོང་གཉིས་པར་ཡོད་པའི་གཞིས་དགོན་ཐེག་ཆེན་གླིང་དུ་མཆོད་མཇལ་གནང་རྗེས། ཉེ་ཆར་ས་ཆའི་སྐོར་ལ་རྩོད་གླེང་བྱུང་བའི་ཁང་ཨང་ ༤༥ ཁ༽ དང་། ཁང་ཨང་ ༤༦ གཉིས་ཀྱི་ས་བབ་གནས་སྟངས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན་གནང་བ་དང་། དེ་ནས་དབུས་སཾ་བྷོ་ཊ་ཉིན་སློབ་ཏུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས་སློབ་ཕྲུག་རྣམས་ནས་རྔ་རོལ་གྱི་བསུ་མ་དང་བཅས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ ༡༠༠ ཙམ་ལ་གསུང་བཤད་དང་། དྲི་བར་ལན་འདེབས་གནང་རྗེས། སློབ་གྲྭའི་འཛིན་གྲྭ་དང་སྡེ་ཚན་ཁག་ལ་གཟིགས་བསྐོར་གནང་ཡོད་པ་དང་།
རིམ་པས་ཀེ་ལཤཱ་པུ་རའི་གཞི་རིམ་འོག་མའི་སློབ་གྲྭ་དང་བུ་བཅོལ་ཁང་དང་། ཨར་ལི་ཀུ་མར་རི་གཞི་རིམ་འོག་མའི་སློབ་གྲྭ་དང་བུ་བཅོལ་ཁང་བཅས་སུ་གཟིགས་བསྐོར་དང་འཛིན་གྲྭར་རྟོག་ཞིབ་གནང་ཡོད། ཕྱི་དྲོ་སྦེལ་ཀོབ་བོད་ཁྱིམ་གྱི་རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ ༣༠༠ ཙམ་ལ་གསུང་བཤད་དང་དྲི་བར་ལན་འདེབས་དང་། ངེས་སྟོན་པ་སོགས་ལྷན་སློབ་གྲྭའི་གནས་སྟངས་སྐོར་ལ་རྒྱུས་ལོན་གནང་ཡོད་པ་དང་། དེ་རྗེས་ས་སྐྱ་བརྩེ་ཆེན་ཆོས་འཁོར་གླིང་དུ་མཆོད་མཇལ་དང་། ཀརྨ་ཤྲི་ནལེཎྜ་དགོན་པར་མཆོད་མཇལ་དང་ཁོར་ཡུག་སྲུང་སྐྱོབ་ལག་བསྟར་སྐོར་གྱི་འགྲེམ་སྟོན། དགོན་པའི་ལོ་རྒྱུས་སྙིང་བསྡུས་ཀྱི་བརྙན་ཐུང་བཅས་ལ་གཟིགས་ཞིབ་གནང་ཡོད་པ་དང་། དགོང་མོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་འདུན་ ༦༠༠ ལྷག་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་རྣམ་གཉིས་ནས་སྔ་དྲོ་གྷོ་ལ་ཐ་ལ་འབྲུག་དཀར་ཐོས་བསམ་གླིང་དགོན་པར་མཆོད་མཇལ་དང་། མཁན་རིན་པོ་ཆེ་ངེས་དོན་བསྟན་འཛིན་མཆོག་ལ་མཇལ་མོལ། དེ་ནས་གྷོ་ལ་ཐ་ལའི་གཞི་རིམ་འོག་མའི་སློབ་གྲྭ་དང་བུ་བཅོལ་ཁང་བཅས་སུ་གཟིགས་བསྐོར་དང་འཛིན་གྲྭར་གཟིགས་ཞིབ། གཞིས་གྲོང་ལྔ་པ་དང་དྲུག་པའི་སྤྱི་ཁང་ངམ་མ་ཎི་དུང་སྒྲུབ་ལྷ་ཁང་ལ་མཆོད་མཇལ་ཞུས་གནང་རྗེས། ཀ་རུ་ཎ་ཕན་བདེ་དགའ་ཚལ་གླིང་གི་སྡེ་ཚན་ཁག་དང་དྭ་ཕྲུག་སྡོད་ཁང་བཅས་སུ་གཟིགས་བསྐོར་དང་། དབང་པོ་སྐྱོན་ཅན་གྱི་སློབ་མ་རེ་རེ་བཞིན་མཇལ་འཕྲད་དང་།
རིམ་པས་ལུགས་བསམ་མཉམ་འབྲེལ་གྱི་རྡོ་སྣུམ་ཚོང་བསྒྱུར་སྡེ་ཚན་དང་། འཕྲུལ་རྨོས་སྡེ་ཚན། སྤོས་བཟོ་ཁང་། ནང་སྲིད་ཞིང་འབྲོག་སྡེ་ཚན་གྱི་ཕྱུགས་གསོ་ཁང་། དམིགས་བསལ་ས་ཞིང་འདེབས་ལས་ཀྱི་སྡེ་ཚན་ཁག་འདྲ་མིན། མགྲོན་ཁང་གསར་རྒྱག་གི་ཨར་ལས་འཛུགས་སྐྲུན། བོད་ནས་ཕྱིས་སུ་ཕེབས་པ་རྣམས་ཀྱི་སྡོད་ཁང་ངམ། ལུགས་བསམ་གྲོང་སྡེ་བདུན་པ་བཅས་ལ་གཟིགས་བསྐོར་དང་། ཕྱི་དྲོ་ས་གནས་འགོ་འཛིན་དང་། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཞོན་དང་དྲུང་ཆེ། གཞུང་འབྲེལ་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞིས་གྲོང་སོ་སོའི་སྤྱི་མི་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཏེ་གནད་དོན་མང་པོའི་སྐོར་གསལ་བཤད་དང་། ནང་མོལ་ཞིབ་ལྷུག་གནང་རྗེས། གཞིས་མཉམ་གཉིས་ཟུང་འབྲེལ་གྱིས་དགོང་ཚིགས་རྒྱས་འབུལ་གནང་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་སྔ་དྲོ་བསྟན་སྒང་ཁྱབ་ཁོངས་རུ་པ་ནས་ལོ་ ༢༠ གོང་སྦེལ་ཀོབ་ཏུ་ཡོང་བའི་བུད་མེད་ཀརྨ་ཡོན་ཏན་ཞེས་པ་ཞིག་ཆེད་བཅར་གྱིས་གཞིས་སྐལ་ཐོབ་ཐང་དགོས་སྐོར་སོགས་ཞུས་པར་སྤྱི་འཐུས་རྣམ་གཉིས་ནས་ལམ་སྟོན་སོགས་གནང་བ་དང་། དེ་ནས་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་མཆོད་མཇལ་དང་། ཉེ་འགྲམ་འབྲི་གུང་བཀའ་བརྒྱུད་དགོན་པར་མཆོད་མཇལ་དང་འགན་ཁུར་བ་བླ་མ་ཚེ་དབང་ལྷན་མཇལ་མོལ་དང་།
དེ་ནས་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་མི་མང་ ༢༠༠ ཙམ་ལ་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་བ་དང་། ཕྱི་དྲོ་སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་སོགས་སྡེ་ཚན་ཡོངས་རྫོགས་དང་། གཞིས་གྲོང་དང་པོའི་ཉམ་ཐག་མི་ཚང་གཉིས་ཙམ་ལ་གཟིགས་བ་སྐོར་དང་གནས་སྟངས་རྒྱུས་ལོན་གནང་སྟེ། ཉིན་བཞིའི་རིང་གི་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ལས་རིམ་ཁག་ལེགས་གྲུབ་གནང་ཡོད། ལུགས་བསམ་གྱི་ལས་རིམ་ཡོངས་རྫོགས་ལ་སྤྱི་འཐུས་རྣམ་གཉིས་ལྷན་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཆེད་བཅར་གནང་འདུག
ཕྱི་ཟླ་ ༩ ཚེས་ ༡ ཉིན་སྤྱི་འཐུས་རྣམ་གཉིས་མེངྒ་ལོར་དུ་ཕེབས་འབྱོར་གནང་བ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་མེངྒ་ལོར་ནེ་ཏི་སྨན་ཞབས་མཐོ་སློབ་ཁང་གི་ཚོགས་ཁང་ཞིག་ཏུ་མེངྒ་ལོར་ས་གནས་བོད་ཀྱི་གཞོན་ནུའི་འགན་ཁུར་བ་ཚོས་གཙོས་པའི་མཐོ་སློབ་སློབ་མ་ ༥༥ ལ་གསུང་བཤད་དང་དྲི་བར་ལན་འདེབས་དང་། ཕྱི་དྲོ་སྨན་ཞབས་མ་ཉི་མ་དབྱངས་ཅན་ལགས་ཀྱི་འགན་ཁུར་འོག་མེངྒ་ལོར་ས་གནས་བོད་ཀྱི་སློབ་མའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་མེངྒ་ལོར་གྲོང་ཁྱེར་གྱི་ལྟེ་བའི་ཟ་ཁང་ཞིག་གི་ཚོགས་ཁང་དུ་མཐོ་སློབ་སློབ་མ་ ༧༠ ཙམ་འདུ་འཛོམས་སར་ཐོག་མར་མང་གཙོའི་དུས་དྲན་བརྩི་སྲུང་ཆེད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། མང་གཙོའི་གསར་གཞས་བཏང་མཚམས་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་པ་དང་།
དེ་ནས་ལེགས་གསོལ་བྱ་དགའ་གསོལ་བསྩལ་གནང་རྗེས། སློབ་ཕྲུག་གསར་རྙིང་རྣམས་མཉམ་འཛོམས་ངོ་སྤྲོད་ཆེད་ཉི་མ་དབྱངས་ཅན་ལགས་ཀྱིས་དམིགས་བསལ་དགོང་ཚིགས་འདེགས་འབུལ་གྱི་ལས་རིམ་ཐོག་སྤྱི་འཐུས་རྣམ་གཉིས་མཉམ་ཞུགས་ཀྱིས་མེངྒ་ལོར་གྱི་ལས་རིམ་ལེགས་གྲུབ་གནང་སྟེ། ཕྱི་དྲོ་སྦེང་ལོར་དུ་ཕེབས་ཐོན་གནང་ཡོད་འདུག
ཕྱི་ཚེས་ ༣ ཉིན་ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་ནས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ ༡༠༠ ཙམ་ལ་གསུང་བཤད་དང་དྲི་བར་ལན་འདེབས་ཞུས་གནང་ཡོད་པ་དང་། མེངྒ་ལོར་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་བཅས་སུ་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ལས་ཀརྨ་དགེ་ལེགས་ལགས་སྤྱི་འཐུས་རྣམ་གཉིས་དང་ལྷན་བཅར་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༡། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༡ ཙམ་གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་བབ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༡ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །