༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་བགོས་ཕྱོགས་སྐྱོད་ཀྱི་ལས་རིམ་འོག་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢ ནས་ཕྱི་ཚེས་ ༢༠ བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་གཞིས་ཆགས་དང་། ཀོ་ཌི་ཀ་ནལ། ཨུ་ཀྲི་བཅས་སུ་ཕྱོགས་ཕེབས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༨ ཉིན་གྱི་སྔ་དྲོ་ཀོ་ཌི་ཀ་ནལ་དུ་གནས་སྡོད་བོད་མི་ ༣༠ ཙམ་ལ་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ད་ལྟའི་བོད་ནང་གི་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་དང་། སྐབས་ ༡༥ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་རིམ་སྙིང་དོན། རྩིས་ལོ་ ༢༠༡༤༌༌༌༡༥ ལོའི་སྔོན་རྩིས་ཀྱི་སྐོར་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ལྟོས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ལས་འགན་ཁུར་ཕྱོགས་དང་། རང་རིགས་གཞོན་སྐྱེས་ཚོས་ཤེས་ཡོན་ལ་དམིགས་བསལ་འབད་ཕྱོགས་སྐོར། བོད་མི་གནས་ཡུལ་སོ་སོ་ནས་ཡུལ་ཁྲིམས་ལ་སྲུང་བརྩི་དང་འབྲེལ་གཞོན་སྐྱེས་ཚོས་འཕྲོད་བསྟེན་ལ་ཐུགས་སྣང་དགོས་ཚུལ་སྐོར་ལ་གཏམ་བཤད་གནང་རྗེས་མི་མང་གི་རེ་སྐུལ་དང་བསམ་ཚུལ་ཞུས་རིགས་ལ་གསལ་བཤད་དང་། དྲི་བར་ལན་འདེབས་གནང་ཡོད་པ་རེད། ཕྱི་དྲོ་བོད་པའི་ཁྲོམ་སར་བལྟ་སྐོར་གནང་། ཚེས་ ༩ ཉིན་གྱི་གུང་ཡོལ་ཨུ་ཀྲི་སྐྱིད་ཚལ་གླིང་བོད་མིའི་སུད་ཚོང་ཚོགས་པའི་ལས་ཁུངས་སུ་ཕེབས་ཏེ་ས་གནས་དེའི་བོད་མིའི་གནས་སྟངས་ལ་རྒྱུས་ལོན་དང་། ཁྲོམ་སར་བལྟ་སྐོར། ཚེས་ ༡༠ ཉིན་གྱི་སྔ་དྲོ་ཐོག་མར་ཨུ་ཀྲི་སྐྱིད་ཚལ་གླིང་བོད་མིའི་སུད་ཚོང་ཚོགས་པའི་ལས་བསྡོམས་ལ་གསན་ཞིབ་གནང་བ་དང་། དེ་རྗེས་སྤྱི་འཐུས་རྣམ་གཉིས་ནས་བརྗོད་གཞི་ཆ་བགོས་ལྟར་གོང་བཞིན་གསུང་བཤད་གནང་མཚམས་མི་མང་གི་རེ་སྐུལ་དང་བསམ་ཚུལ་ཞུས་རིགས་ལ་གསལ་བཤད་དང་། ལམ་སྟོན། དྲི་བར་ལན་འདེབས་བཅས་གནང་།
ཕྱི་དྲོ་ཡུལ་དེའི་ཁྲིམས་རྩོད་པ་གྲགས་ཅན་བྷེ་ཇའི་ཀིར་ཤ་ནན་ (Beejay Krishnan) ལགས་ཐུག་འཕྲད་ཀྱིས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་བཀའ་དྲིན་སྐྱབས་འཇུག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་དགོས་ངེས་ཀྱི་མཐུན་འགྱུར་ཁག་མུ་མཐུད་གནང་ཐབས་ཡོང་བའི་འབོད་སྐུལ། དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཡོང་བའི་མགྲོན་འབོད་ཀྱང་ཞུས།
ཚེས་ ༡༢ ཉིན་ནས་བཟུང་ ༡༥ བར་ཐོག་མར་༸རྒྱལ་བའི་ཕོ་བྲང་རིན་པོ་ཆེས་གཙོས་ཀོ་ལི་གྷལ་གཞིས་ཁོངས་ཀྱི་དགོན་སྡེ་ཁག་ལ་མཆོད་མཇལ་དང་། གནད་ཡོད་འགན་ཁུར་བ་སོ་སོའི་ལྷན་དུ་དགོན་སྡེ་ཁག་གི་ཕྱི་ནང་གི་གནས་སྟངས་ལ་རྒྱུས་ལོན་གནང་། གཞིས་ཁོངས་ཀྱི་ཚོགས་སྡེ་ཁག་དང་། རྒས་གསོ་ཁང་། སྔོན་འགྲོའི་སློབ་གྲྭ་ཁག མཉམ་འབྲེལ་གྱི་འཛུགས་སྐྲུན་སྡེ་ཚན་ཁག་བཅས་ལ་གཟིགས་སྐོར། གཞིས་ཁོངས་ཀྱི་གཞོན་སྐྱེས་མི་སྣ་རྣམས་ཀྱི་ལྷན་དམིགས་བསལ་ཟུར་ཚོགས་ཀྱིས་ལམ་སྟོན་དང་བསམ་ཚུལ་བརྗེ་ལེན། ས་འཐུས་རྣམས་ལ་ཉིན་གཅིག་རིང་ཚོགས་འདུའི་འགྲོ་ལུགས་དང་། སྔོན་རྩིས་ཀྱི་རྣམ་བཞག སྤྱིར་བཏང་གི་གལ་གནད་ཁག་འགའི་སྐོར་བཅས་ལ་ཟབ་སྦྱོང་གནང་།
དེ་བཞིན་གཞིས་ཁོངས་མི་མང་ ༤༠༠ མ་ཟིན་ཙམ་ལ་གོང་གསལ་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་དང་དྲི་བར་ལན་འདེབས། སྤྱི་སྒེར་སོ་སོས་དཀའ་ངལ་བདེ་སྡུག་ཞུས་ཁག་ལ་གསན་བཞེས་ཀྱིས་ས་གནས་ཀྱི་གནད་ཡོད་འགན་ཁུར་བའི་ལྷན་གོ་བསྡུར་གནང་སྟེ་དབུས་ས་སོ་སོ་ནས་ལག་བསྟར་དགོས་པ་ཇི་ཡིན་དབྱེ་འབྱེད་ཀྱིས་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག ལྷན་ཁང་ཁག་བཅས་ཆ་བགོས་ཐོག་ལས་བསྡོམས་ཞིབ་ཕྲ་སྤྱི་འཐུས་རྒྱུན་ལས་སུ་འབུལ་གནང་མཛད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།