སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི་དང་བོད་མིའི་གཞིས་ཆགས་བདེ་སྐྱིད་སླར་གསོ་སོགས་ཀྱི་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ནས་ཚེས་ ༡༩ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི། ཨོ་རོ་ཝིལ་ལེ། པོན་ཌེ་ཅ་རི་དང་། དེ་བཞིན་བོད་མིའི་གཞིས་ཆགས་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༥ དང་ ༡༩ ཉིན་སོ་སོར་བཞུགས་གནས་ཧུན་སུར་དང་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༣ ཉིན་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་འབྱོར་འཕྲལ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་བཞིན་གོང་གསལ་ས་གནས་གཞན་ཁག་ཏུའང་འབྱོར་འཕྲལ་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་མི་མང་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།

 

ཕྱི་ཚེས་ ༥ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཅེན་ནའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཕྲུག་མང་པོ་སློབ་གཉེར་གནང་སའི་མ་རྡ་ར་སི་ཀིརས་ཊི་ཨན་མཐོ་སློབ་(Madras Christian College) དང་། ལོ་ཡོ་ལ་མཐོ་སློབ་ (Loyola College) དེ་བཞིན་ས་གནས་སྨན་རྩིས་ཁང་ལ་གཟིགས་བསྐོར་གནང་བ་དང་། རིམ་བཞིན་ལས་རིམ་ལྟར་ཨོ་རོ་ཝིལ་ལེ་རུ་ཡོད་པའི་ནུབ་ཕྱོགས་མི་རིགས་ཁག་གིས་གཉེར་བཞིན་པའི་བཟོ་གྲྭ་ཁག གྲགས་ཅན་གྱི་སྒོམ་གྲུབ་བསྟི་གནས་ཁང་(The Matrimandir with its Gardens) དང་། དེ་རྗེས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་རིས་མེད་དགོན་སྡེ་ཁག་ལ་མཆོད་མཇལ། བཤད་སྒྲུབ་བྱང་ཆུབ་གླིང་གི་སྤོས་བཟོ་ཁང་། རྟེན་བཞེངས་དབུ་ཆེན་དམ་པ་སྤེན་པ་རྡོ་རྗེའི་དངོས་སློབ་ཅིག་གིས་རྟེན་བཞེངས་གནང་ཡུལ། ས་གནས་ཀྱི་གྲོང་སྡེ་ཁག འཕྲོད་བསྟེན་ལས་ཁུངས་ནས་མཐུན་འགྱུར་གནང་བའི་རྐང་རྩེད་སྤོ་ལོའི་རྩེད་ཐང་གསར་རྒྱག་གི་ལས་གཞི། ས་གནས་བོད་མིའི་སློབ་གྲྭ ས་གནས་སྨན་ཁང་། མཉམ་འབྲེལ་ལས་ཁུངས་དང་དེ་བཞིན་སྡེ་ཚན་ཁག རང་བདེན་ཚོགས་ཆུང་། ས་གནས་འགོ་འཛིན་ལས་ཁང་། སྲི་ཞུ་ལས་བྱེད་པའི་བགྲེས་ཡོལ་བའི་བགྲེས་ཤག་དང་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་སྡོད་ཁང་གསར་རྒྱག་གནང་བཞིན་པའི་ས་གནས་བཅས་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག

ལྷག་པར་དུ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་ལྕམ་སྐུ་ཨ་ཤ་རེ་ཌི་ (Asha Reddy) མཆོག་གི་མགོ་འདྲེན་འོག་མ་རྡ་ར་སི་ཀེརས་ཊི་ཨན་མཐོ་སློབ་ཏུ་འདི་གའི་སྲིད་དོན་ཚན་རིག་གི་སློབ་དཔོན་དང་། ཕྱི་རྒྱལ་སློབ་མ་སློབ་འཇུག་སྡེ་ཚན་གྱི་འགན་ཁུར་བ་གཅིག་ལྕོགས་མཁས་དབང་ཨར་སིར་དྷར་ (R.Sridhar) མཆོག་གི་གཙོས་འབྲེལ་ཡོད་ལས་བྱེད་གཞན་གཉིས་དང་ལྷན་མཇལ་འཕྲད་གནང་བ་མ་ཟད་མཐོ་སློབ་ཀྱི་འཛིན་གྲྭ་ཞིག་ནང་བོད་དོན་སྐོར་ལ་གསུང་བཤད་གནང་ཡོད་འདུག དེ་མཚུངས་ལྕམ་སྐུ་ཨ་ཤ་རེ་ཌི་མཆོག་དང་། ལོ་ཡོ་ལ་མཐོ་སློབ་ཀྱི་ཨིན་དགེ་ཟུར་པ་བོད་དོན་ལ་ཤ་ཚ་ཅན་མཁས་དབང་ཇེམ་སི་སུན་དྷཱ་རཱ་རཇ་ (Prof.James Sundararaj) མཆོག་རྣམ་གཉིས་ཀྱི་མགོ་འདྲེན་འོག་ལོ་ཡོ་ལ་མཐོ་སློབ་ཏུ་སློབ་སྤྱི་དང་མཇལ་འཕྲད་གནང་ཡོད་འདུག མཇལ་འཕྲད་སྐབས་སོ་སོར་སྤྱི་འཐུས་རྣམ་པ་གཉིས་ནས་ད་བར་མཐོ་སློབ་དེ་གཉིས་ལ་བོད་པའི་སློབ་ཕྲུག་མང་པོར་སློབ་འཇུག་བསྩལ་བར་ལེགས་གསོལ་ཞུས་གནང་བ་མ་ཟད་མ་འོངས་པར་སྔར་བཞིན་སྐྱབས་འཇུག་ཡོང་བར་ཞུས་པར་ཞལ་བཞེས་བཟང་པོ་ཐོབ་པ་དང་ཆབས་ཅིག་སློབ་ཕྲུག་གི་དགེ་སྐྱོན་སླད་གྲོས་བསྡུར་ལྷུག་པོ་གནང་ཡོད་འདུག  ཕྱི་ཟླ་ ༧ ཚེས་ ༦ ཉིན་མ་རྡ་ར་ས་བོད་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་སྤྱི་འཐུས་རྣམ་པ་གཉིས་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་བ་དང་། ལྕམ་སྐུ་ཨ་ཤ་རེ་ཌི་མཆོག་དང་། བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་ཨེམ་ཨར་ཧུ་བྷེརཊ་ (M.R.Hubert) ལགས་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་ཡོད་འདུག དེ་མཚུངས་ཨོ་རོ་ཝིལ་ལེར་རྟེན་གཞི་བྱས་པའི་བོད་ཀྱི་རིག་གཞུང་ལྡིང་ཁང་ཚོམས་ཆེན་ནང་ཨོ་རོ་ཝིལ་ལེ་ས་གནས་དང་། པོན་ཌེ་ཅ་རི་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་སོགས་གནད་དོན་གལ་ཆེ་འགའི་སྐོར་ལ་ནང་མོལ་ལྷུག་པོ་གནང་བར་ཁོང་རྣམས་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ མཐོ་སློབ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༩ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་པ་གཉིས་གཟིགས་བསྐོར་ཕྱོགས་ཕེབས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།

Menu