སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་སིམ་ལ་དང་། བོན་གཞིས་ཌོ་ལན་ཇི་བཅས་གཉིས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༢ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་སིམ་ལ་གྲོང་ཁྱེར་དང་། བོན་གཞིས་ཌོ་ལན་ཇི་གཞིས་ཆགས་བཅས་གཉིས་ནང་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་ཡོད།


དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་བཞུགས་སྒར་རྡ་ས་ནས་ཅན་དྷི་གྷར་ལ་ཕེབས་ཐོན་གྱིས་ས་གནས་འབྱོར་མཚམས། སིམ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། དེ་ནས་སིམ་ལར་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་སིམ་ལ་ཊོ་རེན་ཊི་ཡམ་ (Torrentium Lodge) གསོལ་མགྲོན་ཁང་དུ་ཕེབས་འབྱོར་མཚམས། སིམ་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། སིམ་སྤྱི་ལས་ཁུངས་ཀྱི་ལས་དྲུང། ཇོ་ནང་མ་དགོན་རྟགས་བརྟན་ཕུན་ཚོགས་ཆོས་གླིང་གི་དྲུང་ཆེ། སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི། ས་གནས་བུད་མེད་ཚོགས་པ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག

ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ས་འཐུས་ཚོགས་གཙོ་དང་། སིམ་སྤྱི། ལས་དྲུང་བཅས་ཀྱིས་ལྷན་དུ། སྤྱི་འཐུས་རྣམ་པ་གཉིས་ཇོ་ནང་མ་དགོན་རྟགས་བརྟན་ཕུན་ཚོགས་ཆོས་གླིང་ལ་མཆོད་མཇལ་དུ་བཅར་བ་དང་། སྐབས་དེར་ལས་ཐོག་མཁན་པོ་ཀུན་དགའ་ཆོས་འཕེལ་ལགས་དང་། ལྷ་རམས་དགེ་བཤེས་དྲི་མེད་འོད་ཟེར་ལགས། དགོན་པའི་ཕྱག་མཛོད་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་། དེ་ནས་རྣམ་རྒྱལ་གྲྭ་ཚང་གི་གཟིགས་རྟོག་འོག་ཡོད་པའི་ས་གནས་རྒས་གསོ་ཁང་ལ་གཟིགས་སྐོར་གནང་རྗེས།

སིམ་ལ་སམ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར་ཕེབས་ཤིང་། དེའི་སྐབས་སློབ་གྲྭའི་སློབ་སྤྱིས་སྣེ་ལེན་དང་སྦྲགས། སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་དང་། སློབ་ཕྲུག་དང་ལས་བྱེད་ཇི་ཡོད། སློབ་གྲྭའི་ནང་བོད་ཕྲུག་ཇི་ཡོད་སྐོར་སོགས་སྙན་སེང་ཞུས་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༡༢།༠༠ ཐོག་སྤྱི་འཐུས་རྣམ་པ་གཉིས་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་གནས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དགོན་པའི་སློབ་དཔོན་བཤད་སྒྲུབ་འཇིགས་མེད་མཆོག་དང་། ཕྱག་མཛོད་བཅས་ཀྱིས་སྣེ་ལེན་དང་སྦྲགས་དགོན་པར་མཆོད་མཇལ་ཞུས། སྐབས་དེར་སློབ་དཔོན་མཆོག་གིས་དགོན་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་གནང་ཡོད་འདུག

ཉིན་རྒྱབ་ས་གནས་སུ་ཡོད་པའི་བསྟན་འཛིན་སྨན་ཁང་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་གཞིས་ལས་ཁང་བཅས་སུ་གཟིགས་སྐོར་ཕེབས་རྗེས།

བཟོ་གྲྭའི་ཚོགས་ཁང་ནང་སིམ་ལ་ཁྱབ་ཁོངས་ཁ་འཐོར་མི་མང་རྣམས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག


ཕྱི་ཟླ་ ༢ ཚེས་ ༡ ཉིན་གྱི་སྔ་དྲོ་ས་གནས་བོད་མིའི་ཁྲོམ་ར་ (Ajivka Bhawan building) ཞེས་པའི་ཐོག་རྩེག་ ༣ པ་དང་། ༤ པ་བཅས་གཉིས་ལ་གཟིགས་ཞིབ་གནང་རྗེས།

ཕྱི་ལོ་ ༡༩༡༤ ལོར་སིམ་ལ་ཆིངས་ཡིག་འཇོག་སའི་ཡིག་ཚང་ (Institute for Advanced Studies) དུ་ཕེབས་ཤིང་། དེ་གའི་དྲུང་ཆེ་མཆོག་གིས་སྣེ་ལེན་དང་སྦྲགས། འདས་པའི་ལོ་རྒྱུས་སྐོར་འགྲེལ་བརྗོད་བཅས་གནང་རྗེས། འདི་ལོར་རྒྱ་བོད་དབྱིན་གསུམ་དབར་སིམ་ལར་ཆིངས་ཡིག་བཞག་ནས་ལོ་ངོ་ ༡༡༠ འཁོར་བའི་དུས་དྲན་དང་བསྟུན། སྤྱི་འཐུས་རྣམ་གཉིས་ནས་དྲུང་ཆེ་མཆོག་ལ་དབྱིན་ཡིག་ཐོག་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་དཔེ་དེབ་ཅིག་དེ་གའི་དཔེ་མཛོད་དུ་འཇོག་གནང་ཆེད་ཕུལ་བ་ལྟར་ཞལ་བཞེས་གནང་ཡོད་འདུག

ཉིན་རྒྱབ་སིམ་ལར་རྟེན་གཞི་བྱས་པའི་ཧི་མ་ཅཱལ་མངའ་གཞུང་གི་ལས་ཁུངས་སུ་ཧི་མ་ཅཱལ་མངའ་སྡེའི་གཞུང་ལམ་དང་། འཛུགས་སྐྲུན་བློན་ཆེན་སྐུ་ཞབས་ཝིཀ་ར་མ་དྷི་ཡ་ སིངྒ་ (Shri. Vikramaditya Singh , Himachal Pradesh Public Works Minister) མཆོག་དང་། མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་ཨ་ནི་རུ་དྷི་ སིངྒ་ (Shri. Anirudh Singh, Himachal Pradesh Rural Development & Panchayati Raj Minister) མཆོག མངའ་སྡེའི་ཞིང་ལས་བློན་ཆེན་སྐུ་ཞབས་ཅན་དྷར་ ཀུ་མར་ (Shri. Chander Kumar, Himachal Pradesh Agriculture Minister) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་དང་།

དེ་བཞིན་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ཀྱི་བདེ་སྡུག་སྐོར་སྙན་སེང་དང་། མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་རྗེས། སིམ་ལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་པ་དང་། སིམ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཕེབས་སྐྱེལ་དང་བཅས་སྤྱི་འཐུས་རྣམ་པ་གཉིས་སོ་ལན་དུ་ཕེབས་ཐོན་གནང་ཡོད། དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་དྲོ་སོ་ལན་དུ་ཕེབས་འབྱོར་མཚམས། བོན་གཞིས་ཌོ་ལན་ཇི་ས་འགོ་བསྟན་འཛིན་ཆོས་འཕེལ་ལགས་དང་། སམ་བྷོ་ཊའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། དེ་རྗེས། བོན་གཞིས་ཌོ་ལན་ཇི་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་ལས་དྲུང་དང་། དབུས་གཡུང་དྲུང་བོན་གྱི་འཛིན་སྐྱོང་ཚོགས་པའི་དྲུང་ཆེ། བོན་པོ་ཚོགས་པའི་ཚོགས་གཞོན། ས་གནས་རང་བདེན་ཚོགས་གཙོ། ས་གནས་གཞོན་ནུ་ཚོགས་གཙོ། སྨན་རིའི་མགྲོན་ཁང་འགན་འཛིན། འཕྲོད་ལས་པ་སོགས་ཀྱིས་སྣེ་ལེན་ཞུས་གནང་འདུག

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་༧གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུས་གནང་ཞིང་། སྐབས་དེར་རིན་པོ་ཆེ་རྣམ་པ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གལ་གནད་སྐོར་ལ་བཀའ་སློབ་ཕེབས་གནང་འདུག

དེ་རྗེས་སྐུ་གདུང་ཁང་དང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། གསོ་རིག་འབུམ་བཞིའི་མཐོ་སློབ། བཙུན་དགོན་རདྣ་སྨན་གླིང་། བོན་གཞིས་འཕྲོད་བསྟེན་སྨན་ཁང་བཅས་ལ་རིམ་པས་གཟིགས་སྐོར་དང་།

ཉིན་གུང་བོན་གཞིས་སམ་བྷོ་ཊ་ཉིན་སློབ་ཏུ་གཟིགས་སྐོར་དང་སྦྲགས། སྤྱི་འཐུས་རྣམ་པ་གཉིས་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་གི་གལ་གནད་དང་། དེ་བཞིན་དགེ་རྒན་རྣམ་པས་རང་ཉིད་ཀྱི་ལས་འགན་ཐོག་ནས་བོད་རྒྱལ་ཁབ་དང་། མི་རིགས་ཆེད་འགན་འཁྲི་གནང་ཕྱོགས་སྐོར། སློབ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་ཆུང་དུས་ནས་བསྐྲུན་དགོས་པའི་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད།

ཉིན་རྒྱབ་བོན་གཞིས་མི་མང་ཚོགས་ཁང་ནང་སེར་སྐྱ་མི་མང་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་བབ་དང་། བཙན་བྱོལ་བོད་མིའི་གནས་བབ་སྐོར་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་རྗེས། བོན་གཞིས་ས་འཐུས་ལས་ཁུངས་སུ་གཟིགས་སྐོར་བཅས་གནང་སྟེ། ཌོ་ལན་ཇི་བོན་གཞིས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་སྟེ། དེ་རྗེས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །