༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ནས་རྒྱ་གར་མུམ་བྷེ་གྲོང་ཁྱེར་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་གཉིས་ནས་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་ཌོག་ཊར་ བི་ ཨར་ ཨམ་བྷེ་ཊི་ཀར་མཆོག་གི་ཚ་བོ་སྐུ་ཞབས་ཨ་ནན་ཌི་རཱ་ཇཱ་ ཨམ་བྷེ་ཊི་ཀར་ (Anandraj Ambedkar, Grandson of Dr. B.R Ambedkar) མཆོག་གི་གཟིམ་ཤག་ཏུ་ཆེད་བཅར་གནང་སྟེ། སྐུ་ཞབས་ཁོང་དང་། ཁོང་གི་སྐུ་ཟླ་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་རྗེས། བི་ ཨར་ ཨམ་བྷེ་ཊི་ཀར་མཆོག་གི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་གནང་ཡོད་པ་དང་།
དེ་ཉིན་དགོང་དྲོ་ཆུ་ཚོད་ ༨ པ་ནས་ ༩།༣༠ བར་སྤྱི་འཐུས་རྣམ་གཉིས་ནས་བྷོ་ཏ་ལྷ་ཁང་ (Buddha Mandir) དུ་ས་གནས་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག བོད་མི་སུད་ཚོང་བ་སོགས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་ཞབས་ར་ཇཱ་ར་ཏ་ནཱ་ ཨམ་བྷེ་ཊི་ཀར་ (Rajratna Ambedkar, great-grandnephew of Dr. B. R. Ambedkar) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། ཁོང་ཚོ་དང་འབྲེལ་བ་ཡོད་པའི་རྒྱ་གར་གྱི་ནང་པའི་རྗེས་འཇུག་པ་ཚོར་ཆོ་ག་ཕྱག་ལེན་ཙམ་ལས་ནང་པའི་ལྟ་གྲུབ་རང་གི་ཐོག་སློབ་སྦྱོང་དང་། གོ་རྟོགས་མེད་པའི་གནས་སྟངས་སྐོར་གསུངས་པར། དེར་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་དང་། བོད་ཀྱི་དཔེ་མཛོད་ཁང་། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ནང་ལ་དོན་གཉེར་ཅན་གྱི་ཕྱི་རྒྱལ་སློབ་ཕྲུག་ཚོར་ནང་ཆོས་སློབ་སྦྱོང་གནང་སའི་གོ་སྐབས་ཡོད་སྐོར་སོགས་གསུངས་ཡོད་པ་མ་ཟད། འབྲེལ་ཡོད་ས་གནས་འགོ་འཛིན་དང་། ལྷོ་སྤྱི་ལས་ཁུངས་གཉིས་དབར་ལས་འཆར་དེའི་ཐད་མཇུག་སྐྱོང་གིས་བཀོད་མངགས་ནན་པོ་གནང་ཡོད་འདུག་པ་བཅས། །