སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ནས་ ༢༦ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་རྡ་ས་ནས་སྡེ་ར་ལྡུན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་བདེ་སྐྱིད་གླིང་དང་། དགེ་འཕེལ་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༡༦ ཉིན་ཚེ་རིང་དོན་ལྡན་གླིང་དང་། གླིང་ཚང་གཞིས་ཆགས་གཉིས་སུ་ལས་རིམ། ཕྱི་ཚེས་ ༡༧ ཉིན་དོན་གྲུབ་གླིང་དང་། ཅན་ད་མན་གཉིས་སུ་ལས་རིམ། ཕྱི་ཚེས་ ༡༨ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭར་ལས་རིམ། ཕྱི་ཚེས་ ༡༩ ཉིན་ར་ཇི་སྤུར་བོད་ཁྱིམ་དང་། ར་སྤུར་ས་སྐྱ་མཐོ་སློབ། བུད་མེད་མཉམ་ལས་བཟོ་གྲྭ་བཅས་སུ་ལས་རིམ། ཕྱི་ཚེས་ ༢༠ ཉིན་བདེ་སྐྱིད་གླིང་གཞིས་ཆགས་ནས་ནེ་ནི་ཏཱལ་ལ་ཕེབས་ཐོན་གནང་སྟེ།  ཕྱི་ཚེས་ ༢༡ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༢ ཉིན་གྷོ་ར་མ་ཕི་བོད་ཁྱིམ་སློབ་གྲྭ་དང་། རི་ཤི་ཀེ་ཤི་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༣ ཉིན་སཱ་རན་པུར་དང་། སར་ས་བ་དམག་སྒར་ལ་ལས་རིམ། ཕྱི་ཚེས་ ༢༤ ཉིན་ས་གནས་འགོ་འཛིན་ཁྱབ་ཁོངས་ཚོགས་སྡེ་ཁག་གི་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ། ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu