སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཤྲི་ན་གར་དང་ལ་དྭགས་སླེ་བྱང་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ ནས་ཕྱི་ཟླ་ ༨ ཚེས་ ༨ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་རྒྱལ་ས་ཤྲི་ན་གར་(Srinagar)དང་། དཀར་འཁྱིལ། ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་སྟེ་ཕྱི་ཚེས་ ༨ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལི་ནས་ཤྲི་ན་གར་ལ་ཕེབས་འབྱོར་མཚམས། བོད་རིགས་ཁ་ཆེ་བ་བེ་དྷིའི་ཨར་དང་། འབྲེལ་ཡོད་ལས་བྱེད་ནས་གནམ་ཐང་སོགས་ནས་སྣེ་ལེན་ཞུས་གནང་ཡོད་འདུག་པ་དང་། དེ་རྗེས་ས་གནས་འབྲེལ་མཐུད་པ་བོད་པ་ཁ་ཆེ་བ་སྐུ་ཞབས་མ་སུ་བཊ་ལགས་དང་མཇལ་འཕྲད་ཀྱིས་ཉིན་རྗེས་མའི་ལས་རིམ་གྲ་སྒྲིག་ཞུས་གནང་ཡོད། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་བོད་རིགས་ཁ་ཆེ་སློབ་གྲྭར་ཆེད་ཕེབས་གནང་སྐབས། ས་གནས་ཚོགས་གཙོ་དང་། ཚོགས་གཞོན། འབྲེལ་མཐུད་པ་མ་སུ་བཊ་ལགས་བཅས་ནས་སྣེ་ལེན་ཞུས་གནང་རྗེས། སློབ་གྲྭའི་ཚོགས་ཁང་ཆུང་བ་ཞིག་གི་ནང་གནད་ཡོད་མི་སྣ་དང་། སློབ་ཕྲུག་རྒན་པ་ཁག་ཅིག་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་པའི་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྤྱི་འཐུས་རྣམ་པ་ས་གནས་སོ་སོར་ས་བགོས་ཕྱོགས་བསྐྱོད་ཕེབས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། རྒྱལ་སྤྱིའི་གནས་བབ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་ནས་རིམ་པས་སྤྱི་འཐུས་མཆོག་བོད་པ་ཁ་ཆེའི་སྡོད་གནས་ཨེ་རྒོ་ས་གནས་དང་། ཧ་བལ། རྒིར་ཆན་ས་གནས་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་འཐུས་མཆོག་དཀར་འཁྱིལ་ཕྱོགས་ལ་ཕེབས་ཏེ། དཀར་འཁྱིལ་ས་གནས་བོད་མི་ཚོང་པ་རྣམས་མཇལ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་མདོར་བསྡུས་དང་། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ལ་དྭགས་སླེ་ལ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྒྱལ་ས་ལྡི་ལི་ནས་ལ་དྭགས་སླེ་གནམ་ཐང་ལ་ཕེབས་འབྱོར་མཚམས། ལ་སྤྱི་སྐུ་ངོའི་སྐུ་ཚབ་ལས་དྲུང་དཔལ་ལྡན་ལགས་དང་། ས་འཐུས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་རྣམ་གཉིས་ནས་གནམ་ཐང་དུ་སྣེ་ལེན་ཞུས་གནང་ཡོད་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པ་གཉིས་གཞིས་ལས་ཁང་དུ་ཕེབས་སྐབས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་དང་། ས་གནས་མང་གཙོའི་ཀ་བ་གསུམ་གྱི་འགོ་ལས་རྣམ་པ། གཡུང་དྲུང་བོན་གྱི་དགོན་པའི་མཁན་པོ། རུ་ཐོག་དགོན་པའི་ཕྱག་མཛོད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ས་གནས་ཚོགས་པ་ཁག་གི་འགོ་ལས་རྣམ་པ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་ལས་དང་སློབ་སྤྱི་སོགས་ནས་སྣེ་ལེན་དང་སྦྲགས། མཛད་སྒོ་ཞིག་གོ་སྒྲིག་ཞུས་པའི་ཐོག་ས་གནས་ལས་དྲུང་དཔལ་ལྡན་ལགས་ནས་ཕེབས་བསུའི་གསུང་བཤད་གནང་རྗེས། སྤྱི་འཐུས་རྣམ་གཉིས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་གནང་སྟེ། རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་དང་། བོད་པ་རྣམས་ལ་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་གནང་འདུག

ཕྱི་ཚེས་ ༢༥ ཉིན་རིམ་པས་རུ་ཐོག་དགོན་དང་། བོན་པོ་དགོན་པ། ཀརྨ་སྒྲུབ་རྒྱུད་ཆོས་གླིང་དགོན། ཁྲིག་རྩེ་དགོན། ཤེར་མཁར་དགོན་བཅས་ལ་མཆོད་མཇལ་ཞུས་གནང་ཡོད་པ་མ་ཟད། དགོན་སྡེ་ཁག་གི་འབྲེལ་ཡོད་མཁན་པོ་དང་ཕྱག་མཛོད་རྣམས་ཀྱི་ལྷན་དགོན་པའི་འཆད་ཉན་དང་། འཛིན་སྐྱོང་སྐོར་ལ་གོ་བསྡུར་ལྷུགས་པོ་གནང་ཡོད། ཉིན་རྒྱབ་ལ་དྭགས་རྒྱལ་ས་སླེ་ལ་ཡོད་པའི་བོད་པའི་ཚོང་རྭ་ཁག་ལ་གཟིགས་སྐོར་དང་། ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷན་ཚོང་ལས་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག

ཕྱི་ཚེས་ ༢༦ ནས་ ༣༠ བར་སྤྱི་འཐུས་རྣམ་གཉིས་ས་འཐུས་ཚོགས་གཙོ་དང་། ས་འགོ་ལས་ཁུངས་ཀྱི་ལས་དྲུང་སོགས་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་ལྷན་བྱང་ཐང་འབྲོག་པའི་ཚོ་ཁག་ཕྱོགས་ལ་གཟིགས་ཞིབ་གནང་འགོ་འཛུགས་ཤིང་། ཐོག་མར་བྱང་ཐང་ནུ་མ་ཚོ་པར་ (ཉོ་མ།) གཟིགས་ཞིབ་དང་། དེ་ནས་རིམ་པས་རྒོད་ཡུལ་དང་། མ་ཁྱུ། འོམ་ལྷས།(ཧན་ལེ།) བཀག་གཞུང་། སུམ་མདོ། ཆུ་མུར། ས་སྨད་བཅས་ཀྱི་བྱང་ཐང་འབྲོག་པའི་ཚོ་ཁག་གི་གནས་སྟངས་ལ་གཟིགས་ཞིབ་དང་། མི་མང་སོ་སོར་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་བབ། རྒྱ་ནག་དང་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།


ལྷག་པར་དུ་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་རྒོད་ཡུལ་ཚོ་པའི་ཡུལ་མིའི་འགོ་པ་ཟུར་པ་བསྟན་རྒྱས་ལགས་དང་། འགོ་པ་ལས་ཐོགས་ཁོང་གི་བུ་མོ་པདྨ་སྒྲོལ་མ་ལགས་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ད་བར་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་རྣམ་གཉིས་ནས་ཀྱང་ང་ཚོ་ཚང་མ་མི་རིགས་གཅིག་པ་ཡིན་པ་མ་ཟད། ཆོས་དང་རིག་གཞུང་ཡང་གཅིག་པ་ཡིན་སྐོར་དང་། མ་མཐུད་རོགས་ཕན་གང་ཐུབ་གནང་རྒྱུའི་ཞལ་བཞེས་དང་། ཕྱི་ཚེས་ ༢༩ ཉིན་སྤྱི་འཐུས་རྣམ་གཉིས་ནས་སུམ་མདོར་ཕ་རན་སི་ནས་ཡིན་པའི་ཉི་གློག་རོགས་ཚོགས་ཀྱི་ཚོགས་གཙོ་དང་ཆེད་ལས་པ། ཆེད་སྦྱོང་སློབ་མ་བཅས་ཁྱོན་མི་གྲངས་ཉི་ཤུ་ལྷག་ཙམ་དང་མཇལ་འཕྲད་ཀྱིས་ཁོང་རྣམས་ནས་ཉི་གློག་གི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གློག་མེད་པའི་བྱང་ཐང་འབྲོག་པའི་ཚོ་ཁག་གཞན་ལའང་དེ་ལྟར་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་དང་། ཕྱི་ཚེས་ ༣༠ ཉིན་ས་སྨད་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་ཞུས་གནང་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༡ ཉིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ལས་ཁུངས་ཁག་དང་། འཛིན་ཁང་། ཉལ་ཁང་། རྒས་གསོ་ཁང་། སྨན་ཁང་། དམིགས་བསལ་དགོས་མཁོ་ཅན་གྱི་ཉལ་ཁང་དང་འཛིན་ཁང་། དཔེ་མཛོད་ཁང་། ཆེད་སྦྱོང་ཁང་བཅས་ལ་གཟིགས་ཞིབ་གནང་རྗེས། སློབ་གྲྭའི་ཚོགས་ཁང་ནང་དགེ་སློབ་ཡོངས་རྫོགས་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་ཤེས་ཡོན་གྱི་གལ་གནད་དང་། དགེ་སློབ་སོ་སོའི་ལས་འགན། ཡ་རབས་བཟང་སྤྱོད་དང་ཕན་ཚུན་མཐུན་ལམ་སོགས་ཀྱི་སྐོར་ལ་ཆུ་ཚོད་གཅིག་ཙམ་གསུང་བཤད་དང་། སློབ་ཕྲུག་རྣམས་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ས་གནས་མཉམ་འབྲེལ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ལྕོག་ལམ་དང་སླེ་རུ་ཡོད་པའི་ས་གནས་སྨན་རྩིས་ཁང་ཁག་གཉིས་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༢ ཉིན་སྤྱི་འཐུས་རྣམ་གཉིས་ནས་ས་འཐུས་ཚོགས་ཁང་དང་། རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་བཅས་ལ་གཟིགས་སྐོར་དང་། ས་འཐུས་ཚོགས་གཙོ་སྦྲེལ་པོ་དབུས་པའི་ས་འཐུས་རྣམས་ལ་ཚོགས་འདུའི་འགྲོ་ལུགས་སྐོར་ལ་ལམ་སྟོན་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་རང་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

དེ་ནས་ས་གནས་མི་མང་ཚོགས་ཁང་ནང་མི་མང་འདུ་འཛོམས་ཀྱི་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། སྐབས་དེར་ས་གནས་ལ་མཐུན་འགྱུར་རོགས་རམ་གནང་མཁན་མོ་སྲིའི་རོགས་ཚོགས་ཀྱི་སྦྱིན་བདག་ཁག་ཅིག་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་དང་མཇལ་དར་སྤྱི་འཐུས་རྣམ་གཉིས་བརྒྱུད་ནས་ཕུལ་གནང་རྗེས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་སྤྱི་འཐུས་རྣམ་གཉིས་ལ་ཉིན་གུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུས། དེ་ནས་རིམ་པས་སྤྱི་འཐུས་རྣམ་གཉིས་ནས་གཞིས་ཆགས་ཀྱི་བརྒྱ་ཤོག་ ༡༢ ཀྱི་དམིགས་བསལ་ལས་འཆར་དང་ཞིང་ཁ་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་རྫོང་དཔོན་ས་ཇིན་ ཀུ་མར་ ཝེ་ཤ་ཡ་ (Shri Sachin Kumar Vaishya, District Magistrate/Deputy Commissioner/CEO, LAHDC Leh) མཆོག་དང་མཇལ་འཕྲད་དང་། དེ་ནས་རིམ་པས། ནང་ཚོགས་ཀྱི་ཚོགས་གཙོ་པེ་ཏེ་ཀུན་བཟང་(PT Kunzang, President of Ladakh Buddhist Association) མཆོག དགོན་ཚོགས་ཀྱི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ (Ven Shedup Jampa, President of Ladakh Gonpa Association) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་དེད་དཔོན་རྒྱལ་ པི་ དབང་རྒྱལ་ (Shri.Gyal P Wangyal, Chairman/Chief Executive Councillor, LAHDC Leh) མཆོག ཞིང་ཆེན་གྱི་དཔོན་པོ་ (Saugat Biswas,divisional commissioner of the Ladakh division) སུ་གྷ་ཏ་ བྷི་སྲི་ཝ་སྲི་མཆོག་བཅས་དང་སོ་སོར་མཇལ་འཕྲད་ཀྱིས་ད་བར་གང་ཕྱིའི་ཐོག་རོགས་མགོན་གནང་བར་ཐུགས་རྗེ་ཆེ་ཞུས་དང་། མ་འོངས་པར་ལས་དོན་སྤྱི་དང་། དམིགས་བསལ་ས་འགོ་ནས་ཡིག་ཐོག་དོན་ཚན་ལྔ་ཕུལ་བ་འདི་དག་ཐོག་སྐྱབས་འཇུག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་ཆེད་བཅར་དང་། ཉིན་རྒྱབ་ས་གནས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་འགོ་ལས་རྣམས་དང་། གཡུང་དྲུང་བོན་གྱི་དགོན་པའི་མཁན་པོ། བཀའ་བརྒྱུད་དགོན་པའི་ཕྱག་མཛོད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ས་གནས་ཚོགས་པ་ཁག་གི་འགོ་ལས་རྣམ་པ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་ལས་དང་སློབ་སྤྱི། གཞིས་གྲོང་ ༡༢ ཀྱི་བརྒྱ་དཔོན་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་བ་དང་། སྐབས་དེར་ཚོགས་བཅར་བ་རྣམ་པས་དགོངས་ཚུལ་དང་དྲི་བ་གནང་བ་ཁག་ལ་སྤྱི་འཐུས་རྣམ་པས་སྐབས་ཐོག་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་སླེ་གནམ་ཐང་ནས་ཕེབས་སྐྱེལ་ཞུས་གནང་སྟེ་ལ་དྭགས་སླེ་བྱང་ཁུལ་དང་། ཤྲི་ན་གར། དཀར་འཁྱིལ་བཅས་ཀྱི་གཞུང་འབྲེལ་ཕྱོགས་ཀྱི་ལས་རིམ་ཡོངས་སུ་གྲུབ་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༢། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༣ ཙམ་གནང་ཡོད། དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུང་འོར་ཐེ་བའི་ཉིན་གྲངས་ ༢༢ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །