༄༅། །སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་ཕྱི་ལོ་༢༠༡༡ ལོའི་ཟླ་༦ ཚེས་༡༨ ནས་ཟླ་༧ ཚེས་༦ བར་རྒྱ་གར་བྱང་ཤར་ཁུལ་གྱི་ཤི་ལོང་དང་ལྡི་མ་པུར། ཀོ་ཧི་མ། ཏིཛ་པུར། འབུམ་སྡེ་ལ། བསྟན་འཛིན་སྒང་བཅས་ས་ཁུལ་ཁག་ཅིག་ཏུ་འཚམས་གཟིགས་ལེགས་པར་གྲུབ་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ནས་མང་ཚོགས་ལ་གསུང་བཤད་དང་དྲི་བར་དྲིས་ལན་གནང་ཡོད་པ་མ་ཟད། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་ལྷན་བཞུགས་མོལ་དང་། ས་གནས་ཀྱི་ལས་གཞི་དང་སྒྲིག་འཛུགས་ཁག་ལ་རྟོག་ཞིབ་གནང་འདུག
སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་སུ་ས་གནས་ཀྱི་གནང་སྟངས་སྐོར་གཟིགས་ཚུལ་དུ། འགྲོ་ཡུལ་གྱི་གཞིས་ཁག་གི་རྩ་བའི་གནས་བབ་ལེགས་མོད། རང་རིགས་མི་ཉུང་བ་ཞིག་གིས་རང་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ཏུ་ཕྲུ་གུ་རྣམས་མི་བསྐྱལ་བའི་རིགས་མང་། དེ་དག་གི་མི་རབས་རྗེས་མ་རྣམས་ནི་བོད་ཀྱི་རིག་གཞུང་དང་ཁ་བྲལ་དུ་གྱུར་པའི་མི་རིགས་ཤིག་ཏུ་འགྱུར་ཉེན་ཆེ་བ་དང་། ལྡི་མ་པུར་ནི་ས་གནས་གཞན་དང་མི་མཚུངས་པར་ཕྱི་མི་གནས་སྡོད་མི་ཆོག་ས་ཁུལ་ཅིག་ཏུ་གནས་སྡོད་བྱས་ཡོད་པར་བརྟེན། རང་ཅག་གི་ས་གནས་དེའི་གནས་བབ་ལ་གཞིག་ནས་ཁོ་ཚོའི་འཚོ་བར་དོ་ཕོག་མི་འགྲོ་བའི་ཐབས་ལམ་བརྟེན་དགོས་པ་དང་། ལྷག་པར་བསྟན་འཛིན་སྒང་གཞིས་ཁོངས་སུ་མཆིས་པའི་ཁ་ཐོར་རིགས་མང་དུ་མཆིས་པ་རྣམས་འཐོར་དྲགས་པའི་དཀའ་ངལ་མཆིས་པ་མ་ཟད། དེ་དག་རིམ་པར་བསྟན་འཛིན་སྒང་དུ་གཞིས་ཆགས་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན། རང་སྒེར་གཉིས་ཀ་ཕན་ཐོགས་ཆེ་བར་མངོན། ཁ་ཐོར་དུ་སོང་བའི་རྒྱུ་རྐྱེན་ནི་འཚོ་རྟེན་ལ་ཐུག་ཡོད་པར་བརྟེན། བསྟན་འཛིན་སྒང་གི་འཚོ་རྟེན་གསར་འཛུགས་བྱ་རྒྱུ་གལ་ཆེ་བ་བཅས་མཐོང་ཞེས་དང་།
དཀའ་སེལ་མཇུག་སྐྱོང་དགོས་རིགས།
༡ བསྟན་འཛིན་སྒང་གི་འཚོ་བའི་རྟེན་གནས་ཀེ་སྦི་འདེབས་ལས་ཐད་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་རྟོག་ཞིབ་དང་བཅས་ལས་གཞི་གོ་སྒྲིག་དགོས་གལ་ཆེ་བར་མཐོང་། དེ་ཡང་ས་གནས་སུ་ཆེད་ལས་མཁས་པའི་རྟོག་ཞིབ་དགོས་པ་མ་ཟད། ཀུ་ཤུ་འདེབས་ལས་ལམ་འགྲོ་མ་ཕྱིན་པའི་གནས་བབ་ལ་ཞིབ་འཇུག་སླད་ཆེད་མཁས་ས་གནས་སུ་གཏོང་དགོས་པ་དང་། ཆེད་མཁས་ཀྱིས་ཞིབ་འཇུག་ནང་དོན་བཞིན་སྒྲིག་འཛུགས་ཀྱིས་ངོས་ནས་འཚོ་རྟེན་གོ་སྒྲིག་བྱེད་དགོས་པ་གལ་ཆེ་བར་སྣང་། གཞིས་ཆགས་འདི་ཉིད་གཞིས་ཆགས་གཞན་ལ་བསྡུར་ན་སྐྱོ་བོའི་གྲལ་དུ་བསླེབས་པ་མ་ཟད། ས་ཐག་གིས་རྐྱེན་པའི་དཀའ་ངལ་ཡང་ཆེ།
༢ བསྟན་འཛིན་སྒང་གི་འཕྲོད་བསྟེན་སྨན་ཁང་གི་ཁང་པ་དང་ནང་གི་མཐུན་རྐྱེན་གཉིས་ཀ་ཕུན་སུམ་ཚོགས་ཀྱང་། སྨན་པ་མེད་པ་དང་། རྒྱུན་གྲོན་འདང་ངེས་མེད་པའི་དཀའ་ངལ་མཆིས། དེ་ཡང་འཕྲོིད་ལས་ནས་རྒྱུན་གྲོན་ཧིན་སྒོར་བརྒྱད་སྟོང་ལས་བརྒལ་མི་ཆོག་པའི་དཀའ་ངལ་དེ་ཡིན་པར་བརྟེན། རྒྱུན་གྲོན་དེས་མི་འདང་བའི་གནས་ཚུལ་གོང་ཞུས་བཞིན། དེ་བཞིན་ཁ་ལོ་པའི་གླ་ཆ་དང་། སྣུམ་རིན་བཅས་འཕྲོད་ལས་ནས་གནང་ཐུབ་ན་ལེགས། ས་གནས་འདིར་ནད་པ་ཚབས་ཆེན་ཞིག་བྱུང་ན་དུས་ཐོག་སྨན་གཏུགས་བྱ་རྒྱུ་ཤིན་ཏུ་དཀའ།
༣ བསྟན་འཛིན་སྒང་ཉིན་སློབ་ཀྱི་དགེ་རྒན་གནས་བབ་འཕྲལ་དུ་ཐག་གཅོད་དགོས་པར་བརྟེན། དབུས་བོད་སློབ་འཛིན་སྐྱོང་དང་མཉམ་དུ་གོ་བསྡུར་བྱས་ཏེ། ས་གནས་སུ་དགེ་རྒན་མེད་པའི་དཀའ་ངལ་འཕྲལ་མར་ཐག་གཅོད་གནང་གལ་ཆེ།
༤ དཔྱ་ཁྲལ་ལག་དེབ་ཀྱི་སྡོད་གནས་དང་འཚོ་ཐབས་ལ་འགྱུར་བ་གཏོང་མི་ཆོག་པའི་སྒྲིག་གཞི་ཞིག་ཡོད་ན་དེ་ལ་འགྱུར་བ་ངེས་ཅན་དུ་གཏོང་དགོས་པར་མཐོང་།
༥ ཤི་ལོང་ནས་ཚོང་རིགས་རྣམས་ཐའེ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཚོང་ཟོག་ལེན་པར་འགྲོ་བཞིན་ཡོད་པ་དང་། ཁོ་ཚོའི་དེབ་སེར་པོ་མགྱོགས་པོར་རྫོགས་འགྲོ་བ་མ་ཟད། གསར་དུ་དེབ་ཞུ་སྐབས་དུས་ཡུན་ཟླ་ངོ་གསུམ་དགོས་པར་བརྟེན། ཚོང་ཟོག་དུས་ཐོག་ཏུ་ལེན་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་མཆིས་ན། དེ་ཉིད་དུས་ཐུང་ངང་ལག་དེབ་རེག་ཐབས་ཀྱི་ཐབས་ཤེས་གནང་གལ་ཆེ།
༦ ལྡི་མ་པུར་དང་སྐྱབས་བཅོལ་ལག་དེབ་ཀྱི་ཐོ་འགོད་བྱ་སའི་ལས་ཁུངས་མེད་པ་དང་། ཕྱི་མི་གནས་སྡོད་མི་ཆོག་པའི་ཁྲིམས་གཞི་ཡོད་པར་བརྟེན། དེའི་ཁུལ་གྱི་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱ་ཕྱོགས་སྔར་བཞིན་ཤི་ལོང་ས་གནས་སུ་བྱེད་པའམ་དམིགས་བསལ་ལམ་ཁ་ཞིག་བཙལ་འཚོལ་དང་ལམ་སྟོན་དགོས་པ་གལ་ཆེ་ཞེས་བཀོད་འདུག
སྤྱི་ལྷན་ནས་ཆ་བགོས་གནང་བའི་ས་ཁུལ་ཁག་ལས་འབྲུག་ཡུལ་དུ་བཀའ་ཤག་གི་བཀོད་ཁྱབ་དུས་ཐོག་ཏུ་འབྱོར་མེད་པ་དང་། ནང་དུ་འཛུལ་ཞུགས་ཆོག་པའི་བཀའ་འཁྲོལ་རེག་མིན་ལ་བརྟེན་སྤྱི་འཐུས་རྣམ་གཉིས་ཕེབས་ཐུབ་མི་འདུག །