ཕྱི་ལོ་ ༢༠༡༢ ཟླ ༦ ཚེས ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་ ༡༡ བར། སྤྱི་འཐུས་རྒྱུན་ལས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་དུ་ཆེད་ཕེབས་ཀྱིས། བོད་ནས་གསར་འབྱོར་བ་མི་གྲངས་ ༤༡ ཙམ་ལ་འཚམས་འདྲི་དང་འབྲེལ་གཏམ་བཤད་བྱས་ཡོད། དེ་ཡང་གཏམ་བཤད་ཀྱི་སྙིང་དོན། ཁྱེད་རང་ཚོ་བོད་ནས་ཕ་མ་སྤུན་མཆེད་དང་གཉེན་ཉེ་འབྲེལ་སྡེ་བ་གྲོང་བ་བཞག་སྟེ། དམིགས་ཡུལ་དང་ཕུགས་བསམ་གསར་བ་ཞིག་སེམས་ལ་ཉར་ནས། དཀའ་ལས་ཚད་མེད་བསྐྱོན་ཏེ་བཙན་བྱོལ་དུ་འབྱོར་བ་དང་། རང་དབང་གི་ལུང་པ་འདིར་མི་ཚེ་གསར་བ་ཞིག་གི་མགོ་ཡང་བསྐྱར་ཚུགས་ཡོང་དུས། རྟེན་འབྲེལ་མགོ་ནས་མ་འཕྱུགས་པ་ཞིག་བྱ་རྒྱུ་གལ་ཆེ་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་བཅས་ངོ་སྤྲོད་དང་འབྲེལ། ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཛ་དྲག་གི་དཀའ་ངལ་ཉིན་རེ་ལས་ཉིན་རེར་ཆེ་རུ་འགྲོ་བཞིན་ཡོད་པས་ང་ཚོའི་འགན་ཁུར་སྔར་ལས་ཆེ་བ་དང་ལྕི་རུ་སོང་ཡོད་ཅིང་། ཁྱེད་རང་ཚོའི་ནང་ཕལ་མོ་ཆེ་གཞོན་སྐྱེས་རྐྱང་རྐྱང་སློབ་གྲྭར་འགྲོ་མཁན་ཡིན་པས་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་ཐོག་ཕྱོགས་གང་ས་ནས་འཐུས་མ་ཤོར་བ་དང་རྒྱུན་བསྲིངས་ཐོག ཡུལ་ལུང་བརྗེ་བོ་བརྒྱབ་པའི་གནས་ཚུལ་ལ་བརྟེན་ནས་ས་ཆུ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་འཕྲད་མི་སྲིད་པ་མིན་པས་འཕྲོད་སྟེན་ལ་གཟབ་གཟབ་གནང་སྟེ། བོད་སྤྱི་བའི་དོན་ལ་ཞབས་ཞུ་བྱེད་ཐུབ་པའི་ཤེས་ཡོན་ཅན་ཚད་དང་ལྡན་པ་ཞིག་བྱས་ཏེ། ཕ་མ་སྤུན་མཆེད་ཚོའི་རེ་བ་མ་བརླག་པ་ཞིག་ཡོང་རྒྱུར་སྒོ་གང་ས་ནས་འབད་འབུངས་བྱེད་དགོས་པ་དང་། རིང་མིན་བོད་ནང་གི་ཛ་དྲག་གི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐད་ཕྱི་ཟླ་ ༩ པའི་ནང་དམིགས་བསལ་ཛ་དྲག་ཚོགས་ཆེན་འཚོག་འཆར་ཡོད་པ་བཅས་ཀྱི་ཐོག་རྒྱས་བཤད་བྱས་ཤིང་། གསར་འབྱོར་བ་ཚོར་དཀའ་ངལ་གང་ཡོད་སྣེ་ལེན་ཁང་གི་འབྲེལ་ཡོད་ཚོར་ཁ་བསང་ནས་ཞུ་དགོས་ཚུལ་ལམ་སྟོན་ཡང་ཞུས་ཡོད།