སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་མཁན་པོ་ནོར་བུ་ཚེ་རིང་རྣམ་གཉིས་ནས་ཧི་མ་ཅལ་ཤར་བྱང་ཁུལ་དུ་འཚམས་གཟིགས་ལེགས་གྲུབ།

སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་གཉིས་ཕྱི་ཟླ་ ༦ ཚེས་ ༡༥ ནས་ཟླ་ ༨ ཚེས་ ༦ ཉིན་བར་བཀྲ་ཤིས་ལྗོངས་དང་། སྦིར་གཞིས་ཁག་ཁྱབ་ཁོངས་སྡེ་ཚན། སུད་མཚོ་མན་གསུམ། སྤོན་ཌོ་བཀྲ་ཤིས་གླིང་། ཀུ་ལུ་མ་ན་ལི་ཁྱབ་ཁོངས་སྡེ་ཚན། སིམ་ལ་ཁྱབ་ཁོངས་སྡེ་ཚན། བོན་གཞིས་ཐོབ་རྒྱལ་གསར་པའི་ཁྱབ་ཁོངས་བཅས་སུ་འཚམས་འདྲི་གཟིགས་སྐོར་ལེགས་པར་གྲུབ་ཡོད་པ་དང་། ས་གནས་ཁག་ཏུ་མང་ཚོགས་ལ་གསུང་བཤད་དང་དྲི་བར་དྲིས་ལན། ས་གནས་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ་སོགས་རྟོག་ཞིབ་གཟིགས་སྐོར་དུ་ཕེབས་ཏེ། མང་ཚོགས་ཀྱི་བདེ་སྡུག་དང་བསམ་ཚུལ་རྣམས་གསན་གཟིགས་གནང་ཡོད་པ་མ་ཟད། སྤྱི་འཐུས་རྣམ་གཉིས་ཀྱིས་སྦིར་གཞིས་ཆགས་སུ་མཛད་རིམ་སྐྱོང་སྐབས། སྒྲིག་ཁོངས་གང་དུའང་མ་ཚུད་པའི་གསར་འབྱོར་ཚོགས་པ་ཞིག་ཡོད་པ་དེའི་རྒྱུན་ལས་ཚོས་ཞུ་སྐུལ་ལྟར། དེའི་ཁོངས་མི་རྣམས་གསུང་བཤད་གནང་བ་དང་། ཚོགས་ཐོག་ཏུ་གསར་འབྱོར་བ་ཚོས་བདེ་སྡུག་ཞུས་ཁོངས་སུ། ད་བར་སྦིར་དུ་ཡོད་པའི་གཞིས་ཆགས་ཁག་གི་ས་གནས་སུ་གསར་འབྱོར་བ་ ༢༠༢ གནས་ཡོད་ཀྱང་། གཞིས་ཆགས་སུའི་ཁོངས་སུའང་མེད་སྟབས། ས་གནས་སུ་བདེ་སྡུག་སྙན་གསན་ཞུ་ཡུལ་གང་ཡང་མེད་པ་མ་ཟད། ས་གནས་ཀྱི་མཛད་སྒོ་དང་། མི་མང་སྤྲོ་སྐྱིད་འདུ་འཛོམས་ཇི་ལྟར་བྱས་ཀྱང་འགྲོ་ཡུལ་མེད་པ། གསར་འབྱོར་བ་ཚང་མ་འཚོ་བ་རང་འཚོའི་གནས་བབ་འོག་ནས་ཁང་གླ་སྤྲོད་མི་ཐུབ་པ་དང་། སློབ་གྲྭའི་སློབ་ཡོན་འབུལ་རྒྱུར་སྤྱི་ཡོངས་ནས་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་ཚུལ་སོགས་ཞུས་འདུག

དེ་བཞིན་སུད་མཚོ་མན་གསུམ་ཁུལ་དུ་འཚམས་གཟིགས་སྐབས། འཛི་དགའ་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་དུས་སྟོན་དུ་གདན་ཞུས་ལྟར་སྤྱི་འཐུས་རྣམ་གཉིས་ཕེབས་ཞུགས་གནང་ཡོད་འདུག