༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༤ ནས་ཕྱི་ཟླ་ ༦ ཚེས་ ༩ བར་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་གནས་སྡོད་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། མོན་རྟ་དབང་། གྷར་ཆམ། ཏེ་ཛི་པུར། རྡི་རང་། ཤེས་ལོངས་བཅས་ལ་གཟིགས་བསྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༩ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ལྡི་ལི་ནས་གྷོ་ཧ་ཊིར་ཕེབས་ཐོན་གྱིས་ཚེས་ ༢༦ ཉིན་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་འབྱོར་འཕྲལ་དེ་གར་ས་གནས་འགོ་འཛིན་གཡང་སྒྲུབ་ལགས་དང་། རྒྱུད་སྟོད་དགོན་པའི་ཕྱག་མཛོད་དང་སམ་བྷོ་ཊའི་དགེ་ཆེའི་ལས་ཚབ། ས་གནས་འཐུས་མི་རྣམ་པ། རང་བདེན་ཚོགས་ཆུང་། མཉམ་སྦྲེལ་དང་བརྒྱ་དཔོན་སོགས་ཀྱིས་སྣེ་ལེན་ཕེབས་བསུ་གནང་ཡོད་པ་དང་། དེ་བཞིན་གོང་གསལ་ས་གནས་གཞན་ཁག་ཏུ་ཕེབས་སྐབས་ཀྱང་ས་གནས་སོ་སོའི་གནད་ཡོད་མི་སྣས་གཙོས་མི་མང་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
གོང་གསལ་བོད་མིའི་གནས་སྡོད་གཞིས་ཆགས་དང་ས་གནས་ཁག་གི་དགོན་པ་ཁག་ལ་མཆོད་མཇལ་དང་། སློབ་གྲྭ དགོན་སྡེ། སྨན་རྩིས་ཁང་། གཞིས་གྲོང་ཁག ས་གནས་འགོ་འཛིན་ལས་ཁུངས། ས་འཐུས་ལས་ཁང་། རང་བདེན་ཚོགས་ཆུང། མི་མང་མཉམ་སྦྲེལ་དང་ཞིང་ས་སོགས་སུ་གཟིགས་བསྐོར་རྒྱུས་ལོན་གནང་ཡོད་འདུག
གཟིགས་བསྐོར་གྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། ས་གནས་དང་སློབ་གྲྭ་སོགས་ཀྱི་བདེ་སྡུག་དང་ཡར་རྒྱས་སླད་གྲོས་བསྡུར་ཐེངས་ ༥ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༨ བཅས་གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་གིས་༸གོང་ས་མཆོག་གི་མཛད་རྗེས་དང་། བོད་མིའི་རང་དབང་དང་བདེན་དོན་ཆེད་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་གནང་བའི་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས་སྐོར་གསུང་བཤད་གནང་བ་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་ནང་བོད་མིའི་རང་དབང་གི་ལས་འགུལ། རྒྱ་ནག་དང་ཉེ་ཁུལ་གྱི་ཆབ་སྲིད་ཀྱི་འགྲོས་ལ་འགྱུར་བ། རྒྱ་ནག་དམར་ཤོག་ཚོགས་པའི་གནས་བབ་དང་བོད་ནང་རྒྱ་མིས་མནར་གཅོད་བཏང་དང་གཏོང་བཞིན་པའི་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས། དེ་བཞིན་སློབ་ཕྲུག་གི་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་རྣམ་པ་གཉིས་ནས་རིམ་བཞིན་དེང་གི་དུས་འདིར་ཤེས་ཡོན་གལ་འགངས་ཆེན་པོ་ཡིན་པའི་སྐོར་དང་། དགེ་རྒན་གྱི་ལས་འགན་སྐོར། སློབ་ཕྲུག་ཚོའི་བོད་ཀྱི་འཐབ་རྩོད་ཐོག་ལ་ཡོད་པའི་ལས་འགན་དང་མཉམ་ཞུགས་བྱེད་ཚུལ་སྐོར་སོགས་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་འདུག ཕྱོགས་མཚུངས་སྤྱི་འཐུས་རྣམ་པ་གཉིས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གལ་གནད་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་ལམ་སྟོན་ཡང་གནང་ཡོད་འདུག ལྷག་པར་དུ་འབུམ་སྡེ་ལར་རྟེན་གཞི་བྱས་པའི་ཤོད་ཀྱི་དགོན་པའི་རིན་པོ་ཆེ་མཆོག་ལ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་གིས་ད་བར་མུ་མཐུད་འབུམ་སྡེ་ལ་དང་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༧ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག
ད་རེས་སྤྱི་འཐུས་རྣམ་པ་གཉིས་གཟིགས་བསྐོར་ཕྱོགས་ཕེབས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།