སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་དང་། ཉེན་རྟོག་དཔོན་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༣ ནས་འགོ་འཛུགས་ཏེ། ལ་དྭགས་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༦ ཉིན་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་ཨ་ཤཱི་ཤ་ ཀུན་དྷ་ར་ (Shri Ashish Kundra, IAS Chief Secretary) ལགས་དང་། ཉེན་རྟོག་དཔོན་སྐུ་ཞབས་ཨ་ནན་ད་ ཇེན་ (Shri Anand Jain, IPS Director General of Police (DGP) Ladakh) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་ཕྱི་ཟླ ༦ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་ལྷན། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་གྲུབ་ལགས་དང་། ལས་དྲུང་ཀརྨ་རིན་ཆེན་ལགས་བཅས་ནས་ ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་ཨ་ཤཱི་ཤ་ ཀུན་དྷ་ར་ (Shri Ashish Kundra, IAS Chief Secretary of UT Ladakh) ལགས་དང་། ཉེན་རྟོག་དཔོན་སྐུ་ཞབས་ཨ་ནན་ད་ ཇེན་ (Shri Anand Jain, IPS Director General of Police (DGP) Ladakh) ལགས་རྣམ་གཉིས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས། ས་གནས་མི་མང་གི་འཐུས་ཚབ་རྣམས་ནས་ཞུས་པའི་དཀའ་ངལ་ཁག་དང་། ལ་སྤྱི་སྐུ་ངོ་ནས་ཀྱང་ས་ཆའི་བདག་དབང་གི་གནད་དོན་ཁག་ཅིག་ཐད་ཡིག་ངག་གཉིས་ཐོག་ནས་སྙན་སེང་ཞུས་འབྲས་སུ། སྤྱི་འཐུས་རྣམ་པའི་མདུན་ས་རང་དུ་འབྲེལ་ཡོད་རྫོང་དཔོན་ (DC) ལ་བཀོད་མངགས་ཀྱིས་དཀའ་ངལ་རྣམས་གང་མགྱོགས་སེལ་ཐབས་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ས་གནས་སུ་བཞུགས་ཡུན་རིང་། གོང་དུ་ལས་དོན་ཞུས་པ་ཁག་འགྲུབ་དགོས་པའི་བཀོད་མངགས་གནང་བ་བཅས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད་འདུག་པ་བཅས།