
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༥ ཉིན་མུ་མཐུད་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་གནས་གཟིགས་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་ལྷན། ས་འཐུས་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས་དང་། ལ་སྤྱི་ལས་དྲུང་ཀརྨ་རིན་ཆེན་ལགས་ནས་ཕོ་བྲང་དགེ་འཕེལ་གླིང་ནས་འགོ་བཙུགས་ཏེ། ཀརྨ་སྒྲུབ་བརྒྱུད་ཆོས་གླིང་དགོན་པ། གཡུང་དྲུང་ལྷ་རྩེ་བོན་གྱི་དགོན་པ། རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པ་བཅས་དགོན་སྡེ་ཁག་ལ་གནས་གཟིགས་ཕེབས་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ལ་སྤྱི་ལས་ཁུངས་དང་། ས་གནས་ཁྲིམས་ཞིབ་ཁང༌། མཉམ་འབྲེལ་ལས་ཁུངས། འཕྲོད་བསྟེན་སྨན་ཁང་། གླེ་བྱང་རང་བདེན་ཚོགས་ཆུང་ལས་ཁུངས། ས་གནས་ཆོས་རིག་ཚོགས་ཆུང་གི་ལས་ཁུངས། གླེ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བཅས་སུ་འཚམས་གཟིགས་གྲུབ་རྗེས། ས་འཐུས་ཚོགས་ཁང་ནང་ས་འཐུས་རྒྱུན་ལས་རྣམས་དང་ལྷན་དུས་ཡུན་ཆུ་ཚོད་ ༡།༣༠ རིང་ཚོགས་འདུ་ཚོགས་ཏེ། ཚོགས་བཅར་བའི་དྲི་བ་ཁག་ལ་སྤྱི་འཐུས་རྣམ་པ་གཉིས་ནས་ལན་འདེབས་ཞུས་པ་མ་ཟད། འབྲེལ་ཡོད་དགོན་སྡེ་དང་ཚོགས་སྡེ་ཁག་ནས་ཞུས་པའི་གནད་དོན་ཁ་ཤས་སྐབས་ཐོག་རང་དུ་ཐབས་ཤེས་ཀྱིས་དཀའ་ངལ་སེལ་ཐུབ་པ་བྱུང་བ་དང་། གནད་དོན་རེ་ཟུང་སྤྱི་འཐུས་རྒྱུན་ལས་དང་། དེ་བཞིན་དབུས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཞུ་ཆེད་ཟིན་བྲིས་སུ་བཏབས་ཡོད་འདུག་པ་བཅས།
