སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། རྨོག་རུ་བསྟན་པ་ལགས་རྣམ་གཉིས་མོན་གྷོ་དང་གྷོ་ཝ་ཁུལ་དུ་འཚམས་གཟིགས་ལེགས་གྲུབ།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་། སྤྱི་འཐུས་རྨོག་རུ་བསྟན་པ་གཉིས་ཕྱི་ལོ་༢༠༡༡ ཟླ་༧ ཚེས་༢༡ ཟླ་ ༨ ཚེས་ ༥ བར་མོན་གྷོ་གཞིས་ཆགས་དང་གྷོ་ཝ་གཉིས་སུ་འཚམས་གཟིགས་ལེགས་པར་གྲུབ་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ཀྱིས་ས་གནས་ཀྱི་གནས་སྟངས་སྤྱི་ཡོངས་ལ་རྟོག་ཞིབ་བྱས་པའི་མཐོང་ཚུལ་བཀོད་པ་གཤམ་གསལ།

༡༽     མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་རེ་རེ་བཞིན་མི་ཚང་སྐྱོ་གྲས་ཚང་མའི་ནང་དུ་གནས་སྟངས་རྟོག་ཞིབ་བྱེད་སྐབས་མཐུན་རྐྱེན་ཧ་ཅང་སྐྱོ་པོ་དང་ཐ་ཞན་ཡིན་པའི་རྣམ་པ་མང་པོ་མཐོང་རྒྱུ་འདུག་པ་དང། ད་ལྟའི་དུས་འདིར་ཡང་གནས་སྟངས་འདི་འདྲ་མཐོང་རྒྱུ་ཡོད་པ་ནི་བློ་ཕམ་གྱི་རང་བཞིན་ལྟ་བུར་གྱུར་འདུག

འོན་ཀྱང་དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་མཐུན་འགྱུར་རོགས་རམ་རབས་དང་རིམ་པ་གནང་འདུག་ལ། ད་ལྟའི་ཆར་ཡང་གནང་བཞིན་འདུག ད་དུང་རོགས་རམ་གཞན་ཡོད་པའི་འགྲེལ་བརྗོད་གནང་མཁན་འདུག་པས་ཟ་བཏུང་མི་རག་པའི་དཀའ་ངལ་ཡོད་མཁན་ཞིག་མི་འདུག་པས། དབུལ་ཕོངས་ཀྱི་གནས་ལས་གྲོལ་བའི་དཀའ་སེལ་ཐབས་ལམ་འདི་དང་འདི་ཞེས་བཤད་མི་ཤེས་པ་ལྟ་བུར་གྱུར་འདུག

༢༽     ས་གནས་སུ་རྒན་གཅོང་མགོན་མེད་ཉམ་ཐག་གང་མང་ཞིག་འདུག་ལ། གནས་ཚུལ་ཤེས་རྟོགས་བྱེད་པའི་སྐབས་སུ་དཀའ་ངལ་ཡོད་པ་དེ་དག་ནི་རྒན་གསོ་ཁང་དུ་གཏན་ནས་འགྲོ་རྒྱུ་མིན་ཚུལ་བརྗོད་མཁན་ཤ་སྟག་རེད་འདུག དེ་བཞིན་གཞུང་ངོས་ནས་འཚོ་སྣོན་ཡང་རག་གི་འདུག་ཀྱང་། ཕྱིའི་སྣང་ཚུལ་གྱི་ཐོག་ནས་ཧ་ཅང་ཉམ་ཐག་ཡིན་པའི་མཐོང་ཚུལ་འདུག དེ་དག་གི་ནང་ནས་རེ་ཟུང་ཙམ་མ་གཏོགས་གཙང་སྦྲ་འཕྲོད་བསྟེན་གྱི་ཐོག་ལ་ཐུགས་སྣང་གཏན་ནས་གནང་མི་འདུག་པས། དེའི་ཐད་འཕྲོད་བསྟེན་ལས་ཁུངས་བརྒྱུད་ས་གནས་ནས་གོ་རྟོག་སྤེལ་དགོས་གལ་ཆེ་བ་དང་། ས་གནས་ཀྱི་འབྲེལ་ཡོད་རྣམས་ལ་དེ་ལུགས་ལམ་སྟོན་ཞུས་ཡོད།

༣༽     ཕྲུ་གུ་ལ་བརྟེན་ནས་ཉམ་ཐག་ཏུ་གྱུར་པའང་གང་འཚམ་ཞིག་མཐོང་རྒྱུ་འདུག་པ་དང་། དེ་དག་གི་གནས་སྟངས་རྟོག་ཞིབ་བྱེད་པའི་སྐབས་ཕྲུ་གུ་ཚོའི་ཟླ་རེའི་འཚོ་སྣོན་ས་གནས་འགོ་འཛིན་ལས་ཁང་བརྒྱུད་དོ་བདག་ཕ་མ་སོ་སོར་འགྲེམ་སྤྲོད་བྱེད་བཞིན་ཡོད་འདུག དེ་ལ་བརྟེན་ནས་ཕ་མ་ཁག་ཅིག་གིས་ངལ་རྩོལ་གཏན་ནས་མི་བྱེད་པར་ཕྲུ་གུའི་སྐྱོབ་གསོ་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་མཁན་ཡོད་པ་མ་ཟད། གྱོན་ཆས་འཁྲུ་བ་སོགས་ནང་ལས་ཙག་ཙིག་གཉེར་མཁན་ཡང་ཡུལ་མི་གཡོག་ཉར་བྱས་ཡོད་ཚུལ་བཞུགས་མོལ་ཚོགས་འདུའི་སྐབས་ས་གནས་ཀྱི་གནད་ཡོད་ཁག་ཅིག་གིས་ཡང་ཡང་གསུངས་སོང།

༤༽    གོང་གསལ་བཞིན་ཕྲུ་གུ་ལ་བརྟེན་ནས་ཉམ་ཐག་ཡིན་པའི་སྐྱོབ་གསོ་རོགས་རམ་རག་བསྡད་མཁན་དེ་དག་ལ་རོགས་རམ་གནང་སྟངས་དང་། འབྲེལ་ཡོད་ལས་ཁུངས་སོ་སོས་ས་གནས་ཁག་གི་གནས་སྟངས་ལ་བསྐྱར་ཞིབ་ཚད་ལྡན་ཞིག་གནང་དགོས་པར་མཐོང་། ད་ལན་སྤྱི་འཐུས་གཉིས་ས་གནས་སུ་འཚམས་འདྲི་ལྟ་སྐོར་དུ་བསྐྱོད་པའི་སྐབས་ས་གནས་ཀྱི་རྒྱུས་མངའ་ཅན་རྣམས་དང་ལས་སྣེ་མང་པོ་ཞིག་གི་གསུང་སྟངས་དང་། དངོས་སུ་མཐོང་བའི་དཀའ་ངལ་དེ་དག་ལ་གཞིགས་ན། ཕ་མའི་གནས་སྟངས་སྐྱོ་པོ་ཡིན་པའི་ཕྲུ་གུ་རྣམས་ལ་ཟླ་རེ་བཞིན་འཚོ་སྣོན་སྔར་ལམ་བཞིན་གནང་ན་གནས་སྐབས་ཙམ་ལས་དོན་དུ་ཕན་ཐོགས་ཆེན་པོ་མེད་པ་དང། གཞི་རིམ་སློབ་གྲྭའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་ཡོན་སོགས་ཀྱི་དཀའ་ངལ་མེད་པ་དང་། ཕྲུ་གུའི་སྐྱོབ་གསོ་ལ་བརྟེན་ནས་ཕ་མ་རྣམས་ཀྱང་ལེ་ལོ་དང་སྒྱིད་ལུག་ཅན་དུ་འགྱུར་བཞིན་ཡོད་པར་བརྟེན། སླད་ཕྱིན་ཕ་མ་དཀའ་ངལ་ཅན་རྣམས་ཀྱི་ཕྲུ་གུ་ཚོའི་ཆེད་དུ་གནང་བཞིན་པའི་རོགས་རམ་དེ་དག་གི་ནང་ནས་བརྒྱ་ཆ་༢༥ ཡས་མས་རེ་ཕ་མ་རྣམས་ལ་དུས་ཐོག་སྤྲད་དགོས་སྲིད་ཀྱང་། བརྒྱ་ཆ་༧༥ ཙམ་རེ་ཕྲུ་གུ་དེ་དག་གི་ཆེད་དངུལ་ཁང་དུ་ངེས་པར་ཟུར་གསོག་གནང་དགོས་པ་ཧ་ཅང་གལ་ཆེ།

༥༽     ཕ་མ་ཉམ་ཐག་ཡིན་པའི་ཕྲུ་གུ་རྣམས་ལ་མཚོན་ན་དཀའ་ངལ་ཆེ་ཤོས་དེ་གཞི་རིམ་སློབ་གྲྭ་ཐོན་ནས་མཐོ་རིམ་གྱི་སློབ་སྦྱོང་དུ་འཛུལ་ཞུགས་བྱེད་པའི་སྐབས་དམིགས་བསལ་བརྒྱ་ཆ་ཧ་ཅང་ཚད་མཐོ་ཡོད་མཁན་མ་གཏོགས་རོགས་རམ་གང་ཡང་མེད་པ་དང་། ནང་མི་སོ་སོ་ནས་སློབ་ཡོན་ཐབས་འཚོལ་མི་ཐུབ་པ། ནང་གི་དཔལ་འབྱོར་གནས་སྟངས་ཐ་ཞན་ལ་བརྟེན་གཞན་ནས་སྐྱི་གཡར་བྱེད་མཁན་མི་རག་པ་སོགས་དཀའ་ངལ་ཆེ་ཤོས་སུ་གྱུར་འདུག དེར་བརྟེན་མཐོ་རིམ་ཞིབ་འཇུག་གི་སློབ་སྦྱོང་དང་། དམིགས་བསལ་ཆེད་ལས་ཀྱི་སློབ་སྦྱོང་ཁོངས་སུ་འཛུལ་ཞུགས་བྱེད་མ་ཐུབ་པར་རང་ཉིད་ཀྱི་ཕ་མ་དང་གཅིག་མཚུངས་སུ་འགྱུར་བཞིན་པ་དེ་དག་ནི། ནང་མི་དེ་དག་གི་དཀའ་ངལ་ཙམ་མ་ཡིན་པར། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་སོགས་ཤེས་ཡོན་ཅན་གྱི་མི་སྣ་སྐྱེད་སྲིང་མི་ཐུབ་པའི་དཀའ་ངལ་ཉག་གཅིག་ཏུ་གྱུར་འདུག

༦༽     དེ་ལྟ་བུའི་ཕྲུ་གུ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐོ་སློབ་སློབ་ཡོན་གྱི་རོགས་རམ་ཆ་ཚང་གནང་ཐུབ་ཐབས་མེད་ཀྱང་། ཕྲུ་གུ་སོ་སོ་ཆུང་ངུའི་དུས་ཀྱི་རོགས་རམ་དེ་དག་དངུལ་ཁང་དུ་ཟུར་གསོག་གནང་ཡོད་ན་མཐོ་རིམ་སློབ་གཉེར་དང་། ཆེད་ལས་རིགས་གཅིག་སློབ་སྦྱོང་བྱེད་པའི་སྐབས་སློབ་ཡོན་ལ་ཕན་ཐོགས་ཆེན་པོ་ཡོད་པས། དེའི་ཐོག་ལ་འབྲེལ་ཡོད་ཤེས་རིག་ལས་ཁུངས་དང་། བཀའ་ཤག་ནས་དམིགས་བསལ་དགོངས་བཞེས་ཟབ་མོ་གནང་དགོས་པ་ཧ་ཅང་གལ་ཆེ་བ་ལས། གནས་སྐབས་ཀྱི་རོགས་རམ་དེ་དག་ལ་བརྟེན་ནས་ནང་མི་དང་བུ་ཕྲུག་གཉིས་ལ་ཕུགས་ཕན་ཆེན་པོ་ཞིག་ཡོང་གི་མེད་པའི་གནས་སྟངས་འདུག་ན། བསྐྱར་ཞིབ་ནན་པོ་གནང་རྒྱུའི་དུས་ལ་བབ་འདུག

༧༽     མོན་གྷོ་ས་གནས་ཤེས་ཡོན་ཚོགས་ཆུང་གིས་འགན་བླངས་ནས་སློབ་གྲྭ་གྲོལ་བའི་རྗེས་ཆོས་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་གིས་ཉེ་འཁོར་གཞིས་གྲོང་ཁག་གི་སློབ་མ་རྣམས་ལ་ནང་ཆོས་དང་། བོད་ཀྱི་རིག་གནས་སྐོར་དཔེ་ཁྲིད་གནང་གི་འདུག་པར་དངོས་སུ་བརྟག་ཞིབ་བྱས་པར་དེ་ནི། ཕན་ཐོགས་ཧ་ཅང་ཆེ་བའི་ལས་རིམ་ཞིག་ཏུ་མཐོང་སོང་བས། འབྲེལ་ཡོད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་བསྔགས་བརྗོད་ཞུ་བ་དང་། སླད་ཕྱིན་དེའི་ཐོག་ལ་མཐུན་རྐྱེན་ཆུང་ཙག་དགོས་རིགས་ཡོད་ན་གཞུང་ནས་གནང་དགོས་པ་ཙམ་དུ་མ་ཟད། ས་གནས་གཞན་ནས་མིག་དཔེར་འཛིན་འོས་པ་ཞིག་ཏུ་གྱུར་འདུག

༨༽     མོན་གྷོ་ས་གནས་སུ་རྟོག་ཞིབ་ལྟ་སྐོར་བྱེད་པའི་སྐབས་ཨེ་ཙིའམ། གཉན་ནད་རེག་དུག་གི་ན་ཚ་ཡོད་པ་ཁག་ཅིག་གི་གནས་སྟངས་རྟོག་ཞིབ་བྱས་པ་དང་། ད་དུང་མངོན་གསལ་མེད་པའི་ཐོག་ཏུ་གནས་ཡོད་པའི་ནད་པ་གང་འཚམས་ཡོད་པར་ཚོད་དཔག་བྱེད་བཞིན་འདུག་པ་མ་ཟད། ན་ཚ་དེས་གྲོངས་པའི་མི་མང་པོ་ཞིག་བྱུང་འདུག  ན་ཚ་དེ་ནི་མི་རིགས་རྩ་མེད་གཏོང་མཁན་གྱི་ན་ཚ་གདུག་རྩུབ་ཅན་ཞིག་ཡིན་པར་བརྟེན། སྣང་ཆུང་རྒྱ་ཡན་དུ་མ་སོང་བར། ས་གནས་ཀྱི་བོད་མི་རྣམས་ལ་ཕྱོགས་ཡོངས་ནས་ནད་གཞི་དེ་ཡོད་མེད་བརྟག་དཔྱད་ཚད་ལྡན་འཁྲུན་ཆོད་ཅིག་དབུས་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་གནང་དགོས་པ་དང་། ན་ཚ་ཕོག་མཁན་རྣམས་ལ་ད་མུས་བཞིན་མཐུན་འགྱུར་གནང་ཐབས་དགོས་པའང་ཧ་ཅང་ཆེ། གནད་དོན་འདིའི་ཐོག་ཐུགས་སྣང་དེ་ཙམ་མ་གནང་མ་ཐུབ་ན། བཙན་བྱོལ་བོད་པའི་མི་འབོར་ཉུང་ངུ་འདི་ལ་བཟློག་ཐབས་མེད་པའི་དཀའ་ངལ་ཆེ་ཤོས་སུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོར་གྱུར་འདུག་མ་ཟད། རྗེས་མ་རི་ལུག་པ་ཐག་པས་མི་འདུམ་པའི་དཔེ་དང་གཅིག་མཚུངས་ལྟ་བུ་ཡོང་ངེས་ལ་བརྟེན། གཞུང་འབངས་གཉིས་ནས་དོ་སྣང་གཟབ་ནན་དགོས་གལ། །

Menu