སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་མཆོག་རྣམ་གཉིས་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་དང་ཨུ་ཀྲི་བཅས་ཀྱི་གཞུང་འབྲེལ་གཟིགས་བསྐོར་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༨ ཚེས་ ༨  ནས་ཚེས་ ༡༥ བར་རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་ཌུའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨུ་ཀྲི་སྐྱེད་ཚལ་གླིང་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༥ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྡ་ས་དང་། སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་མཆོག་ཕྱི་ཚེས་ ༡༠ ཉིན་སྦེལ་ཀོབ་གཞིས་ཆགས་སོ་སོ་ནས་མེ་སོར་དུ་ཕེབས་ཐོན་གནང་བ་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་མེ་སོར་ནས་ཨུ་ཀྲི་སྐྱེད་ཚལ་གླིང་ས་གནས་སུ་འབྱོར་འཕྲལ་ས་གནས་ཀྱི་འབྲེལ་ཡོད་འགན་ཁུར་བ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ཀྱང་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཟླ་ ༨ ཚེས་ ༡༠ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཨུ་ཀྲི་སྐྱེད་ཚལ་གླིང་ས་གནས་ཀྱི་གནས་སྟངས་ལ་གཟིགས་ཞིབ། དེ་བཞིན་འབྲེལ་ཡོད་འགན་ཁུར་བ་རྣམས་དང་ས་གནས་ཀྱི་གནས་སྟངས་སྐོར་གོ་བསྡུར་ལྷུག་པོ་གནང་བ་དང་། ཕྱི་ཚེས་ ༡༢ ཉིན་ནས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁང་། ས་གནས་མཉམ་འབྲེལ་ལས་ཁང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་ཚོང་ཁང་། མཉམ་འབྲེལ་འཕྲུལ་རྨོས་སྡེ་ཚན། ས་གནས་རྒས་གསོ་ཁང་། རིམ་བཞིན་གཞིས་ཆགས་སྤྱིའི་ ༸རྒྱལ་བའི་ཕོ་བྲང་དང་། མགོན་ཁང་། རྗོགས་ཆེན་དགོན། དར་རྒྱས་དགོན། ཟེ་ཕུག་དགོན། སྟག་ཤམ་དགོན། རྟ་ན་དགོན། བག་ཡོད་དགོན། གསང་སྔགས་དར་རྒྱས་གླིང་དགོན། བཀའ་བརྒྱུད་དགོན་པ་བཅས་ལ་མཆོད་མཇལ། དེ་མཚུངས་ས་གནས་ཀྱི་སློབ་གྲྭ་སོགས་ལ་གཟིགས་བསྐོར་གནང་བ་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད། ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༣ གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ནས་གཙོ་བོ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། རྒྱལ་སྤྱིའི་གནས་བབས། རྒྱ་ནག་དང་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་དང་། སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་མཆོག་གིས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་དོན་གནད་ཁག བོད་མིའི་སྒྲིག་འཛུགས་ངོས་ནས་ཤེས་ཡོན་དང་། འཕྲོད་བསྟེན། འཚོ་ཐབས་སོགས་ཀྱི་སྐོར་ལ་ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ་དང་ཕྱོགས་མཚུངས་སློབ་ཕྲུག་རྣམས་ལ་སྤྱི་འཐུས་རྣམ་པ་གཉིས་ནས་ཤེས་ཡོན་གྱི་གལ་གནད་སྐོར་ལ་གསུང་བཤད་གནང་ཡོད་འདུག

ལྷག་པར་དུ་ཐེངས་འདིའི་གཟིགས་བསྐོར་སྐབས་སྤྱི་འཐུས་རྣམ་གཉིས་ནས་ཨུ་ཀྲི་སྐྱེས་ཚལ་གླིང་གི་ས་གནས་བོད་མིའི་འཐུས་མི་རྣམས་དང་ལྷན་ཨུ་ཀྲི་ས་གནས་ཀྱི་རྗོང་དཔོན་ (Smt. J.Innocent Divya,Collector of Ooty,Tamilnadu) མཆོག་དང་མཇལ་འཕྲད་ཀྱིས་ས་གནས་བོད་མི་ཚོང་པ་རྣམས་ཀྱི་ཁྲོམ་སའི་དཀའ་ངལ་རྣམས་སྙན་གསན་ཞིབ་ཕྲ་ཞུས་གནང་བ་མ་ཟད་དཀའ་ངལ་དེ་དག་སེལ་ཐབས་ཀྱི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག དེ་བཞིན་ཀོ་ལི་གྷལ་དུ་ས་གནས་འགོ་འཛིན་དང་། ས་གནས་མཉམ་འབྲེལ་ཚོགས་གཙོ་གཉིས་དང་ལྷན་ས་གནས་ཀྱི་བོད་དོན་ཐོག་རྫོང་དཔོན་ལས་ཁུངས་ཀྱི་འབྲེལ་ལས་དཔོན་རིགས་ལྕམ་སྐུ་ (Smt.M.G.Roopa ,AC,kollegal) མཆོག་མཇལ་འཕྲད་གནང་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ས་ཐོ་ལག་འཛིན་གང་མགྱོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་སྙན་གསན་ཞུས་གནང་བ་དང་སྦྲགས། ས་གནས་ཁག་གཉིས་ཀྱི་དཔོན་རིགས་རྣམ་གཉིས་ལ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེ་བསྟོད་ཕྱག་རྟགས་རེ་རེ་ཕུལ་གནང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༧ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།