སྤྱི་འཐུས་གཡུ་སྒྲོན་དབུ་དཀར་ཚང་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱལ་ས་ལྡི་ལི་ཁུལ་དང་། ཉེ་འཁོར་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གཡུ་སྒྲོན་དབུ་དཀར་ཚང་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༠ ནས་ ༡༤ བར་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དང་། ཉེ་འཁོར་སུད་ཚོང་ས་གནས་གྷུར་གྷའོང་ (Gurgaon) དང་། སོ་ནི་པཏ་ (Sonipat) བཅས་ལ་གཞུང་འབྲེལ་འཚམས་གཟིགས་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༡༠ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་རྡོ་རྗེ་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་རྣམ་གཉིས་ཀྱི་ལྷན། སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ (Shri Kiren Rijiju, Hon’ble Union Minister for Law & Justice) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། དེ་ནས་རྒྱ་གར་གཞུང་དང་། སྐུ་ཞབས་ཁོང་ནས་བོད་དང་བོད་མིར་རྟག་ཏུ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་ཐོག་འཛིན་པའི་སྲིད་བྱུས་ལངས་ཕྱོགས་བརྟན་པོ་དགོས་པའི་ཞུ་སྐུལ་དང་།  ས་གནས་འགོ་འཛིན་རྡོ་རྗེ་ལགས་ནས་ཉེ་ཆར་ཨམ་བྷ་ལ་བོད་མིའི་སུད་ཚོང་ས་གནས་སུ་མེ་སྐྱོན་ཤོར་བའི་སྐོར་སྙན་སེང་དང་། གྱོང་གུད་ཕོག་པ་རྣམས་ལ་དགོས་ངེས་ཀྱི་དཔལ་འབྱོར་རོགས་རམ་ཡོང་ཐབས་གནང་རྒྱུའི་རེ་སྐུལ་བཅས་ཞུས་གནང་འདུག

དེ་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Hon’ble MP Rajya from Odisha and APIPFT Convener) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་སྐུ་ཞབས་ཁོང་ནས་ཉེ་ཆར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་འགན་བཞེས་པར་འཚམས་འདྲི་དང་སྦྲགས། བོད་དོན་ཐོག་བཀའ་བསྡུར་དང་། སྐུ་ཞབས་ཁོང་ནས་འབྱུང་འགྱུར་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་འཆར་གཞི་ཁག་ཅིག་གསུངས་གནང་འདུག

དེ་ཉིན་གྱི་ལས་རིམ་མཐའ་མར་སྤྱི་འཐུས་རྣམ་པ་གཉིས་དབུ་བཞུགས་ཐོག་ལྡི་ལི་བསམ་ཡས་གླིང་དང་། ལ་དྭགས་བྷུ་ཏ་བྷི་ཧར་ (Ladakh Bodh Vihar) ཁུལ་གྱི་ས་གནས་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བསམ་ཡས་གླིང་ས་གནས་འགོ་འཛིན་དང་། བརྒྱ་འཐུས་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཚོགས་མི་རྣམ་པ། དབུས་བུད་མེད་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ཆེད་བཅར་གནང་འདུག

ཕྱི་ཚེས་ ༡༡ ཉིན་ལྡི་ལི་བསམ་ཡས་གླིང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་གནང་བ་དང་། སྐབས་དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་ཆེད་བོད་ནང་སྔར་ལྷག་སྲིད་བྱུས་ངན་པ་བཏིང་བཞིན་ཡོད་གནས། ཉེ་ཆར་ཁམས་བྲག་འགོ་རུ་རྒྱ་ནག་གཞུང་གིས་ཐུབ་དབང་སྐུ་བརྙན་ཧྥི་ཊི་ ༩༩ ཅན་ཞིག་དང་། མ་ཎི་འཁོར་ལོ་ ༤༥ རྩ་གཏོར་བཏང་ཡོད་པར་མ་ཟད། སློབ་གྲྭ་སྒོ་བརྒྱབ་ཏེ་དགེ་རྒན་སོགས་བོད་མི་བཅུ་གྲངས་ཤིག་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་དང་། དེ་བཞིན་ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་ནང་རྒྱ་ནག་གཞུང་ལ་ལྟ་སྟངས་ཡག་པོ་མེད་པ་དང་། དེ་ནི་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གྱིས་ཚང་མས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གིས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ། བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཀྱང་ལས་འགུལ་འདྲ་མིན་སྤེལ་ཐུབ་པ་བྱུང་ཡོད་པ་སོགས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར་གསུང་བཤད་གནང་། དེ་རྗེས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ནས་དོན་གཅོད་མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། དོན་གཅོད་མཆོག་ནས་སྤྱི་འཐུས་རྣམ་པ་གཉིས་ལ་དོན་ཁང་གི་ལས་བྱེད་རྣམས་དང་། དེ་བཞིན་ད་ལྟའི་དོན་གཅོད་ཁང་གི་ལས་དོན་གནང་ཕྱོགས་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་དོན་གཅོད་མཆོག་ལ་རྒྱ་གར་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་མཇལ་འཕྲད་གནང་བའི་སྐོར་ཞུས་པ་དང་། ཆབས་ཅིག་ལྡི་ལི་བསམ་ཡས་གླིང་དང་། ལ་དྭགས་བྷུ་ཏ་བྷི་ཧར་ཁུལ་གྱི་ས་གནས་མི་མང་ནས་ཞུས་པའི་དཀའ་ངལ་ཁག་སྙན་གསན་ཞུས་འདུག

དེ་ནས་རིམ་པས་རྒྱ་གར་གྲོས་ཚོགས་གོང་མའི་ཀར་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་ (Shri Jairam Ramesh, Hon’ble MP Rajya Sabha from Karnataka) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་སྐུ་ཞབས་ཁོང་ལ་འཚམས་འདྲིའི་མཇལ་དར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་ཕུལ་རྗེས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུས་གནང་ཡོད་འདུག

དེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་ཀེ་རེ་ལ་མངའ་སྡེའི་འཐུས་མི་སྐུ་ཞབས་ཤ་ཤི་ཐ་རུར་ (Dr. Shashi Tharoor, Hon’ble MP Lok Sabha from Thiruvananthapuram, Kerala) མཆོག་དང་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་ཕུལ་རྗེས། བོད་དོན་སྐོར་བཀའ་བསྡུར་དང་། སྐུ་ཞབས་ཁོང་གིས་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་སྐོར་ལ་བཀའ་འདྲི་དང་། རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་མ་ཟད། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐོར་ལའང་བཀའ་འདྲི་ཞུས་གནང་འདུག

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བསམ་ཡས་གླིང་ས་གནས་འགོ་འཛིན་དང་། དྲུང་ཡིག་བཅས་ཀྱི་ལྷན། སྤྱི་འཐུས་རྣམ་པས་བོད་མི་སུད་ཚོང་ས་གནས་གྷུར་གྷའོང་ (Sector 5) པ་དང་། སུད་ཚོང་ས་གནས་ (Sector 51) བཅས་ལ་འཚམས་གཟིགས་ཕེབས་ཏེ། ཁོངས་སོ་སོའི་སུད་ཚོང་འཐུས་མི་དང་། སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།


དེ་རྗེས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཨམ་རེནྡྲ་ངྷ་རི་ སིངྒ་ (Shri Amarendra Dhari Singh, Hon’ble MP Rajya Sabha from Bihar) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐུ་ཞབས་ཁོང་ནས་ཉེ་ཆར་རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཧིན་དི་དང་། ཨིན་ཡིག་གཉིས་ནང་ཡོད་པའི་བོད་ཀྱི་གནད་དོན་ཐོག་གི་ཕྱག་དེབ་ཕུལ་རྗེས། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཛུལ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་མ་ཟད། སྐུ་ཞབས་ཁོང་བཞུགས་སྒར་རྡ་སར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་མགྲོན་དུ་གདན་ཞུས་གནང་ཡོད།

སྐབས་དེར་སྐུ་ཞབས་ཁོང་གིས་མུ་མཐུད་རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་སོང་། སྐུ་ཞབས་ཁོང་དང་ལྷན་མཇལ་མོལ་གནང་བ་དེ་བཞིན་རྒྱ་གར་ (ANI) དང་། (Live Cities) གཉིས་ཀྱིས་གསར་འགྱུར་ནང་བཀོད་འདུག

ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པས་རྒྱ་གར་སཱ་མཱ་དྷ་སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ཇ་ཡ་ ཇེ་ཌི་ལི་ (Smt Jaya Jaitly, Former President of Samata Party) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་ཕུལ་གནང་ཡོད།

དེ་བཞིན་རྒྱ་གར་གཞུང་གི་བོད་ཀྱི་གནད་དོན་ཐོག་གི་སློབ་སྟོན་པ་ཟུར་པ་སྐུ་ཞབས་ཨ་མི་ཏབ་ མ་ཐུར་ (Shri Amitabh Mathur, Former Advisor to the Ministry of Home Affairs, Govt. of India on Tibetan Affairs) མཆོག་གིས་སྤྱི་འཐུས་རྣམ་པ་གཉིས་ཉིན་གུང་གསོལ་ཚིགས་ཐོག་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་ཕན་ཚུན་བོད་དོན་ཐོག་བཀའ་བསྡུར་གནང་ཡོད།

དེ་རྗེས་རྒྱ་གར་གསར་ཁང་ (News X) ནས་སྤྱི་འཐུས་རྣམ་པ་གཉིས་ལ་བོད་དོན་སྐོར་བཅར་འདྲི་གནང་བར་དང་ལེན་ཞུས་པ་དང་། ཉིན་རྒྱབ་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་སུད་ཚོང་ས་གནས་སོ་ནི་པཌ་ (Sonipat) ལ་འཚམས་གཟིགས་ཕེབས་ཏེ། སུད་ཚོང་གི་འཐུས་མི་དང་། སུད་ཚོང་བ་རྣམས་ལ་གསུང་བཤད་གནང་རྗེས་ཐེངས་འདིའི་ས་གནས་ཁག་གི་ལས་རིམ་མཇུག་བསྒྲིལ་གནང་ཡོད།


གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ བཅས་ཚོགས་གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ལམ་འགོར་བཅས་ཁྱོན་ཉིན་གྲངས་ ༥ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།


ཕྱི་ཚེས་ ༡༤ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བཞུགས་གནས་སུ་ཕྱིར་ཕེབས་གནང་བ་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ཕྱི་ཚེས་ ༡༦ ཉིན་བཞུགས་གནས་སུ་ཕྱིར་ཕེབས་གནང་ཡོད་པ་བཅས། །