སྤྱི་འཐུས་གངས་ལྷ་མོ་མཆོག་དྷེ་ར་དྷུན་ཁྱབ་ཁོངས་ཀྱི་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས།

༄༅། །སྤྱི་འཐུས་གངས་ལྷ་མོ་མཆོག་ས་བགོས་ལྟར་དྷེ་ར་དྷུན་ཁྱབ་ཁོངས་ཁག་དགུ་དང་ཝ་ར་ན་སི་བཅས་སུ་གཞུང་འབྲེལ་གཟིགས་ཞིབ་སླད་ཕེབས་བགོས་ནས་ཝ་ར་ན་སིའི་སློབ་མའི་རྒྱུགས་སྤྲོད་སྐབས་འཁེལ་བས་རྗེས་མ་ཕེབས་རྒྱུ་ལགནང་བ་དང་། དེ་མིན་དྷེ་ར་དྷུན་ཕྱོགས་སུ་ས་གནས་ཁག་དགུ་ཚང་མར་ཆེད་ཕེབས་གནང་བའི་གནས་བསྡུས་གཤམ་གསལ།

དང་པོ། བདེ་སྐྱིད་གླིང་།

ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ སྤྱི་འཐུས་གངས་ལྷ་མོ་མཆོག་རྡ་ས་ནས་ཐོན་ཏེ་ཚེས་ ༦ ཉིན་གྱི་ ཞོགས་པ་དྷེ་ར་དྷུན་བདེ་སྐྱིད་གླིང་གཞིས་ཆགས་སུ་འབྱོར། ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ནས་མཐུན་འགྱུར་གོ་སྒྲིག་ལྟར་ས་འཐུས་དང་རང་བདེན་ཚོགས་ཆུང་། དེ་བཞིན་ལས་བྱེད་རྣམ་པ་ཚང་འཛོམས་ལ་སྔ་དྲོ་བདེ་སྐྱིད་གླིང་ཚོགས་ཁང་དུ་མི་མང་ ༣༠༠ མ་ཟིན་ཙམ་ལ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་སྟེང་གི་གྲོས་ཆོད་གྲོས་འཆར་སོགས་ཀྱི་ལས་རིམ་ཁག་ངོ་སྤྲོད་དང་། g1༸རྒྱལ་བའི་མཛད་འཕྲིན་ཐོག་གཙོ་བོ་ནང་པ་ཡིན་པའི་ཆ་ནས་བླ་སློབ་དབར་དད་པ་དམ་ཚིག་གཡོ་བ་མེད་པ་གནས་གལ་ཆེ་བའི་སྐོར། མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་བཅས་ཀྱི་མཛད་གཙོ་རྣམ་པ་དང་། སྲིད་ཞུ་བ་དྲུང་ཆེ་ནས་བཟུང་གནས་རིམ་མཐོ་གྲས་རྣམས་༸རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས་པ་དང་། དེ་དང་འབྲེལ་བའི་ཐོག་ནས་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་གྲོས་ཆོད་ཐོག་གསལ་བཤད་བཅས་སྔ་ཕྱི་བརྒྱུད་རིམ་ཁག་ངོ་སྤྲོད། གཞན་ཡང་དོལ་རྒྱལ་སྐོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསལ་བཤད་གྲ་རྒྱས་པོ་ཡོད་པའི་ཡིག་ཆ་ཁག་དྲ་ལམ་ཁག་ཏུ་འདོན་སྤེལ་ཟིན་པ་མ་ཟད། ཡིག་ཐོག་མཉམ་འཁྱེར་ཡོད་པ་དགོས་མཁོ་ཅན་ལ་ཕུལ་རྒྱུ་བཅས་ཀྱི་ནང་དོན་ཁག་མི་མང་ལ་འགྲེལ་བརྗོད་གནང་།

བོད་ནང་ད་བར་རང་ལུས་མེར་སྲེག་གཙོས་ཛ་དྲག་གནས་སྟངས་དང་མང་གཙོའི་ལམ་ལུགས་ཐོག་གོ་རྟོགས་སྤེལ་ཕྱོགས་བཅས་མི་རིགས་ཀྱི་ལ་རྒྱ་འཛིན་ཕྱོགས་དང་འབད་བརྩོན་གྱི་སེམས་ཤུགས་དགོས་སྐོར་སོགས་འགྲེལ་བརྗོད་གནང་བ་དང་། མི་མང་ནས་དྲི་བ་དང་བསམ་ཚུལ་བྱུང་རིགས་ལ་ལན་འདེབས་གསལ་བཤད་གནང་། ཕྱི་དྲོ་ས་གནས་འགོ་འཛིན་གྱི་སྣེ་ཤན་འོག་ས་གནས་ཁྲིམས་ཞིབ་ཁང་དང་། ས་གནས་རྩིས་ཞིབ་ཁང་དུ་ལྟ་སྐོར། འབྲི་གུང་བྱང་ཆུབ་ཆོས་གླིང་མ་དགོན་དང་བཙུན་དགོན་བསམ་གཏན་གླིང་གཉིས་སུ་མཇལ་བཅར་ཞུས།

གཉིས་པ། ཚེ་རིང་དོན་ལྡན་གླིང་།

g2

ཟླ་ ༥ ཚེས་ ༧ ཉིན་གྱི་ཞོགས་པ་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་ཚོགས་ཁང་དུ་སྤྱི་མི་དྲུག་དང་མི་མང་ ༡༠༠ ཙམ་འདུ་འཛོམས་ཐོག་གོང་མཚུངས་གསུང་བཤད་གནང་།

གསུམ་པ། ར་ཇི་སྤུར།

ཉིན་དགུང་ར་ཇི་སྤུར་བུད་མེད་མཉམ་ལས་བཟོ་གྲྭའི་ནང་གཟིགས་སྐོར་གནང་། བུད་མེད་མཉམ་ལས་ལ་གཟིགས་སྐོར་གྲུབ་མཚམས་དེ་མུར་ར་སྤུར་སློབ་གྲྭའི་ཚོགས་ཁང་ཆེན་མོར་སྤྱི་ཟུར་ཚེ་རིང་སྒྲོལ་མ་མཆོག་གཙོས་པའི་དགེ་སློབ་མི་གྲངས་ ༣༠༠ ཡས་མས་ཙམ་མཉམ་འདུས་སར་སློབ་གྲྭའི་དབུ་འཛིན་མཆོག་དང་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་དང་གསལ་བཤད་གྲུབ་མཚམས་སྤྱི་འཐུས་མཆོག་ནས་གོང་མཚུངས་ནང་དོན་ལྟར་གཏམ་བཤད་གནང་བ་མ་ཟད། མ་འོངས་ཤེས་ལྡན་མི་སྣ་གསོ་སྐྱོང་ཇི་ལྟར་དགོས་སྐོར་དང་བོད་རིགས་ནང་ཁུལ་མཐུན་སྒྲིལ་དང་ལ་རྒྱ་བརྩི་སྲུང་བྱ་དགོས་སྐོར་ཚུད་པའི་གནད་དོན་ཁག་གི་ཐོག་གསུང་བཤད་གནང་རྗེས་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་དང་འགྲེལ་བརྗོད་གནང་།

g3

བཞི་པ། དོན་འགྲུབ་གླིང་།

ཟླ་ ༥ ཚེས་ ༨ ཉིན། ཞོགས་པ་ཆུ་ཚོད་ ༡༡ ཙམ་དོན་འགྲུབ་གླིང་གཞིས་སྒར་གྱི་ཚོགས་ཁང་དུ་གཞིས་འགོ་མཆོག་དང་ལྷན་དུ་འབྱོར་བར་སྤྱི་མི་བློ་བཟང་བཀྲ་ཤིས་ལགས་གཙོས་སྣེ་ལེན་འོག་སློབ་ཕྲུག་དང་མི་མང་ ༢༠༠ ལྷག་འདུ་འཛོམས་སར་ཆུ་ཚོད་ ༢ ལྷག་གོང་གསལ་ནང་དོན་ཁག་གཏམ་བཤད་ཞུས་ཤིང་། དྲི་བ་བྱུང་ཁག་ལ་ལན་འདེབས་དང་གསལ་བཤད་དགོས་རིགས་བཅས་ཞུས། དོན་འགྲུབ་གླིང་གི་ཤིང་ནགས་ཟུར་ནས་ལྕགས་རི་བསྐོར་དགོས་པའི་གལ་ཆེར་གྱུར་ཡོད་པའི་ས་གནས་དེར་ལྟ་སྐོར་གནང་། ལྟ་སྐོར་གྲུབ་མཚམས་ས་གནས་སུ་ཡོད་པའི་དགེ་ལུགས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། རྙིང་མ་སྨིན་གྲོལ་གླིང་། བཀའ་རྒྱུད་བདེ་ཆེན་ཆོས་འཁོར་གླིང་བཅས་ལ་ཆོས་མཇལ་ཞུས། ས་གནས་དེར་ཡོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒས་གསོ་ཁང་དུའང་ཆེད་བཅར་ཞུས།

g4

ལྔ་པ། གླིང་ཚང་།

ཕྱི་དྲོ་ཆུ་གླིང་ཚང་གཞིས་ཆགས་སུ་སྤྱི་ཟུར་ཚེ་རིང་རྡོ་རྗེ་མཆོག་དང་དྲུང་ཆེ་བསྟན་པ་དར་རྒྱས་ལགས་གཙོས་མི་མང་ ༡༠༠ ལྷག་ལ་སྤྱི་འཐུས་མཆོག་ནས་གོང་བཞིན་གཏམ་བརྗོད་གྲུབ་རྗེས་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་དང་། སྤྱི་ཟུར་ཚེ་རྡོ་མཆོག་གིས་དབུ་མའི་ལམ་གྱི་ནང་དོན་ཐོག་སྔ་ཕྱིར་འགྱུར་བ་བྱུང་མིན་དང་། བོད་རྒྱ་འབྲེལ་མོལ་མུ་མཐུད་མ་ཐུབ་པའི་དཀའ་ངལ་ག་རེ་འཕྲད་མིན། དེ་བཞིན་དེང་སྐབས་ཐབས་ཤེས་གང་ཡོད་ཀྱིས་རྒྱ་གར་ཡུལ་མིའི་ལག་ཁྱེར་བཟོ་ན་དགེ་སྐྱོན་གང་ཡོད་བཅས་གསུངས་པ་ལ་ལན་འདེབས་ཞུས་པ་དང་། གཞན་ད་ལྟའི་ཆར་བཀའ་ཤག་གིས་འདིའི་སྐོར་དགེ་སྐྱོན་གསལ་བརྗོད་ཀྱིས་མི་མང་ལ་ལན་གསལ་པོ་ཞིག་བཟོ་དགོས་པ་ལས་མི་མང་ངོས་ནས་གོ་རྟོགས་མ་ཐུབ་པའི་རྐྱེན་གྱིས་འཁྲུག་གཞི་ཆེན་པོ་ཡོང་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་བཟོས་ཏེ་འོས་འདེམས་དགོས་མིན་སྐོར་གོང་རིམ་བཀའ་ཤག་ནས་ངེས་པར་དུ་དགེ་སྐྱོན་གྱི་བཀའ་གསལ་ཕེབས་དགོས་པ་ལས། དགའ་བསུ་དང་དགག་བྱ་མེད་པ་ལྟ་བུའི་གསལ་ལ་མི་གསལ་འདིའི་སྐོར་མ་འོངས་སྐྱོན་ཆ་ཡོང་ངེས་སྐོར་བཀའ་ཤག་ལ་ཞུ་སྙན་ཕུལ་བའི་རེ་འདུན་ལྟར་བཀའ་ཤག་ཏུ་ཞུ་རྒྱུ་ཞུས།

g5

དྲུག་པ། མ་སུ་རི།

ཟླ་ ༥ ཚེས་ ༩ ཉིན་ཞོགས་པ་དྷེ་ར་དྷུན་ནས་མ་སུ་རིར་སློབ་གྲྭར་ཐོན་ནས་ཆུ་ཚོད་ ༡༠།༤༠ ཐོག་མ་སུ་རི་གཏན་སློབ་ཏུ་འབྱོར། གཏན་སློབ་ཀྱི་འགན་འཛིན་ལས་རོགས་རྒན་དགེ་འདུན་རིན་ཆེན་ལགས་གཙོས་སློབ་དགེ་རྣམས་ཀྱི་སྣེ་ཁྲིད་འོག་དྷེ་ར་དྷུན་ས་གནས་འགོ་འཛིན་མཉམ་དུ་ཐོག་མར་སློབ་མ་ཚོས་ཚན་རིག་འགྲེམ་སྟོན་ལ་ལྟ་སྐོར་ཕེབས་པ་དང་། ཆུ་ཚོད་ ༢ ནས་༣།༣༠ ཙམ་མ་སུ་རི་ཞབས་གཡར་བོད་རིགས་སློབ་སྤྱི་རྒན་དངོས་སྒྲུབ་ནོར་བུས་སྣེ་ཤེན་འོག་ཏུ་ CTA བོད་རིགས་གཏན་སློབ་ཏུ་གཟིགས་སྐོར་གནང་། དེ་རྗེས་མ་སུ་རི་གཏན་སློབ་ཚོགས་ཁང་དུ་དགེ་སློབ་དང་། མི་མང་བསྡོམས་ཆིག་ ༡༠༠༠ ཡས་མས་ཙམ་འདུས་འཛོམས་བྱུང་བར་སྤྱི་འཐུས་མཆོག་ནས་གོང་མཚུངས་གཏམ་བཤད་གནང་། མི་རིགས་ཀྱི་ལ་རྒྱ་བརྩི་སྲུང་། རང་མི་རིགས་ཀྱི་ཤེས་ཡོན་ལྷོད་མེད་འབད་བརྩོན་དགོས་སྐོར། ཆབ་སྲིད་གོ་རྟོགས་སྤེལ་ཕྱོགས་སོགས་གསུང་བཤད་ཆུ་ཚོད་གཉིས་ཙམ་གནང་རྗེས་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཟླ་ ༥ ཚེས་ ༡༠ ཞོགས་པ་མ་སུ་རིའི་སློབ་གྲྭའི་དྲུང་ཆེ་སྤེན་པ་ཚེ་རིང་མཆོག་མཇལ་འཕྲད་གནས་སྟངས་རྒྱུས་ལོན་གནང་།

g6

བདུན་པ། ན་ནི་ཏལ།

ཟླ་ ༥ ཚེས་ ༡༡ ཞོགས་པ་དྷེ་རུ་དྷུན་ནས་ན་ནི་ཏལ་ས་གནས་སུ་ཐོན་པར་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ས་གནས་སུ་འབྱོར་བར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དོན་འགྲུབ་ལགས་དང་འཐུས་མི་ཚེ་རིང་སྟོབས་རྒྱལ་རྣམ་གཉིས་ནས་སྣེ་ལེན་གནང་། g7ཉིན་རྒྱབ་ཁྲོམ་སར་ལྟ་སྐོར་ཟིན་མཚམས་ན་ནི་ཏལ་གྱི་དཀའ་ངལ་སྐོར་གསན་ཞིབ་གནང་། ཁོང་གཉིས་ནས་ས་གནས་ཀྱི་གནས་སྟངས་ངོ་སྤྲོད་ཕུད། དེར་ཚོང་དུད་ ༡༣ གྱི་ཁྲོམ་ས་སྤྱིའི་དཀའ་ངལ་སྐོར། ན་ནི་ཏལ་གཞིས་ཆགས་ཀྱི་ཐོབ་སྐལ་མེད་པའི་དུད་ཚང་ ༡༤ སྡོད་ཁང་གི་དཀའ་ངལ་གཉིས་སྔར་བཞིན་གོང་ཞུ་ཡོང་བའི་རེ་འདུན་ལྟར་ཞུ་རྒྱུ་ཞུས། ཧི་མ་ལའི་རི་རྒྱུད་བོད་པའི་བཟའ་ཟླ་ཞིག་གི་རང་དབང་དཔྱ་དེབ་ཞུས་པའི་སྐོར་ད་བར་སྤྱི་ལྷན་ནས་ཕྱི་མི་བོད་ཀྱི་ཡུལ་མི་དང་གཉེན་སྒྲིག་སྐོར་དམིགས་བསལ་ཁྲིམས་སྒྲིག་མེད་པར་བརྟེན་དཀའ་ངལ་སྔར་བཞིན་ཡིན་སྟབས་དེ་ལུགས་སྤྱི་ལྷན་དུ་གོང་ཞུ་ཡོང་བའི་རེ་འདུན་ལྟར་ཞུ་རྒྱུ་གནང་།

ཟླ་ ༥ ཚེས་ ༡༢ སྔ་དྲོ་ན་ནི་ཏལ་ས་གནས་ཚོགས་ཁང་དུ་མི་མང་ ༡༠༠ སྐོར་ཙམ་ལ་གཏམ་བཤད་སྤེལ་རྗེས་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདབས་གསལ་བཤད་གནང་། གཙོ་བོ་ད་ཆ་ས་གནས་སུ་སློབ་གྲྭ་སྒོ་བརྒྱབ་ནས་བཟུང་ད་བར་བོད་ཡིག་སློབ་དགེ་མེད་པའི་རྐྱེན་གྱིས་ད་ཆ་བོད་ཕྲུག་ ༢༨ རྒྱ་གར་སློབ་གྲྭར་མི་འགྲོ་མཐུ་མེད་ཀྱི་གནས་ཚུལ་དང་། གཞན་ཡང་རྒྱ་གར་ཡུལ་མིའི་ལག་ཁྱེར་བཟོ་དགོས་མིན་སྐོར་ལམ་སྟོན་གསལ་མིན་གྱི་གནས་སྟངས་སོགས་གནང་བྱུང་བར་བཀའ་ཤག་གི་བཀའ་ཡིག་ལྟར་ལན་འདེབས་ཞུས་ཤིང་། དྷེ་ར་དྷུན་འགོ་འཛིན་སྐུ་ངོ་འཇིགས་མེད་ལགས་ནས་ཀྱང་དེའི་སྐོར་འགྲེལ་བརྗོད་ཟབ་ནན་གནང་། དེ་བཞིན་ད་ལྟའི་ཆར་ས་གནས་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་དེ་སྒོ་རྒྱབ་ཟིན་པར་བརྟེན། དེར་དང་བླངས་ཀྱི་བོད་དགེ་གསུམ་ནས་གཟའ་ཉི་མ་སྟབས་བསྟུན་ས་གནས་མི་མང་གི་ཕྲུ་གུ་ ༢༡ ལ་བོད་ཡིག་སློབ་བཞིན་པར་ས་འཐུས་ཚེ་རིང་སྟོབས་རྒྱལ་གྱི་གསུངས་པ་ལྟར་ཚོགས་ཐོག་ནས་ཁོང་གསུམ་ལ་ཐུགས་རྗེ་ཆེ་ཞུས། ཤེས་རིག་ལས་ཁུངས་ཀྱི་སྒྲིག་སྲོལ་ལྟར་ས་གནས་སུ་ཡོད་པའི་ཕྲུ་གུ་གྲངས་ཚང་བ་བྱུང་ཚེ་ཤེས་རིག་ལས་ཁུངས་སུ་འདི་ཁོངས་ངེས་པར་དུ་སློབ་དགེ་གང་མགྱོགས་བཏང་སྟེ་སློབ་གྲྭ་སྒོ་ཕྱེ་དགོས་པའི་གོང་རིམ་ལ་སྙན་ཞུ་བྱ་རྒྱུ་གནང་། ཚོགས་འདུ་གྲོལ་རྗེས་ཀྱང་གཞིས་ཆགས་ཀྱི་ཐོབ་སྐལ་མེད་པའི་དུད་ཚང་ ༡༤ གྲས་ཁྲོམ་སའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐོར་ཞུས་པ་ལྟར་འབྲེལ་ཡོད་ལས་ཁུངས་སུ་ཞུ་འཐུས་བརྗོད།

བརྒྱད་པ། ཧ་རི་དྷ་ཝར།

ཟླ་ ༥ ཚེས་ ༡༤ ཞོགས་པ་ན་ནི་ཏལ་ནས་བདེ་སྐྱིད་གླིང་དུ་ཕྱིར་ཐོན་སྐབས་ལམ་བར་ཧ་རི་དྷ་ཝར་ཁ་འཐོར་ཚོང་པའི་མི་མང་དང་ཐུག་འཕྲད་ཞུས། ས་གནས་འགོ་འཛིན་ངག་དབང་བརྩོན་འགྲུས་ལགས་དང་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་གུང་ཟས་གྲུབ་མཚམས་ཚོགས་ཁང་དུ་མི་གྲངས་བཅུ་གཉིས་འདུ་འཛོམས་བྱུང་བར་གོང་མཚུངས་གསུང་བཤད་གནང་།

g8

དགུ་བ། ས་རན་པུར།

ཟླ་ ༥ ཚེས་ ༡༥ ཉིན་གྱི་སྔ་དྲོ་དྷེ་ར་དྷུན་ནས་ཐོན་རྗེས་ ༡༠ ཡོལ་ཙམ་ལ་ས་རན་པུར་ལ་འབྱོར་བར་ཚོང་པའི་ས་གནས་འཐུས་མི་ཨ་ཕོ་བློ་དགའ་ལགས་གཙོས་ཁ་འཐོར་སུ་ཚོང་བ་མི་མང་དགུ་དང་ཐུག་ནས་གོང་མཚུངས་དྲིལ་བསྒྲགས་ཟིན་རྗེས་བདེ་སྡུག་གསན། ཟླ་ ༥ ཚེས་ ༡༦ ཉིན་སྔ་དྲོར་དྷེ་ར་དྷུན་གྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྲོང་བཙན་དཔེ་མཛོད་བཅས་སུ་མཇལ་སྐོར་ཞུས།

g9

གོང་གསལ་ས་གནས་ཁག་ནས་དཀའ་སེལ་ཡོང་ཐབས་ཞུས་ཁག་ཕྱག་བསྟར་སོགས་ཀྱི་འཛིན་སྐྱོང་བཀའ་ཤག་གཙོས་ཁུངས་སོ་སོར་ཞུ་རྒྱུ་ཞུས་པ་བཅས་ཀྱི་གནས་བསྡུས་སུ།

 

 

 

 

 

Menu