སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་མཆོག་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་སྦེང་ལོར་དང་། མའེ་སོར། མེངག་ལོར། སྦེལ་ཀོབ་ལུགས་བསམ་གླིང་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་འོག་བོད་མི་མང་གི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་མཆོག་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ནས་ཚེས་ ༢༧ བར་སྦེང་ལོར་དང་། མེ་སོར། མེངག་ལོར། སྦེལ་ཀོབ་ལུགས་བསམ་གླིང་གཞིས་ཆགས་བཅས་སུ་ཕྱོགས་ཕེབས་གནང་ཡོད་པ་རེད། 20141021_105729དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ཉིན་ཕྱི་དྲོའི་ཆུ་ཚོོད་ ༦ པའི་ཐོག་སྤྱི་འཐུས་རྣམ་གཉིས་རྡ་ས་ནས་ལྡི་ལི་བརྒྱུད་ཚེས་ ༡༤ ཡི་སྔ་དྲོ་སྦེང་ལོར་དུ་འབྱོར། ཉིན་རྒྱབ་ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་མའེ་སོར་དུ་ཕེབས་ཏེ། མའེ་སོར་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་སྣེ་ལེན་དང་། སྤྱི་འཐུས་དགེ་བཤེས་ཚེ་རིང་པོ་མཆོག་ནས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་རིམ་སྙིང་དོན་དང་། བཅའ་ཁྲིམས། ཁྲིམས་སྒྲིག་བསྐྱར་བཅོས་ཟིན་པ་རྣམས་ཀྱི་དགོངས་དོན། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད། དེ་བཞིན་མང་གཙོའི་ལམ་ལུགས་སྤྱི་དང་བྱེ་བྲག་བོད་ཀྱི་མང་གཙོའི་འཕེལ་རིམ་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་ནས་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་ནས་ཁོང་གི་བཀའ་དྲིན་དྲན་དགོས་པ་དང་། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་མེད་པ་བཟོ་བཞིན་པས་མཚོན་བོད་ནང་གི་ཛ་དྲག་གནས་སྟངས་དང། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱི་འགན་འཁྲི་སྤྱི་དང་། ལྷག་པར་མ་འོངས་བོད་ཀྱི་སོན་རྩ་སློབ་ཕྲུག་རྣམས་ཀྱི་འགན་འཁུར་དགོས་པ་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱི་རེ་སྐུལ་དང་བསམ་ཚུལ་ཞུས་རིགས་ལ་གསལ་བཤད་དང་། དྲི་བར་ལན་འདེབས་གནང་ཡོད་པ་རེད། ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་མའེ་སོར་ནས་སྦེལ་ཀོབ་ཏུ་ཕེབས།

ཚེས་ ༡༥ ཉིན་གྱི་སྔ་དྲོ་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཚོགས་གཙོ་ལྷན་གཞིས་ལས་ཁང་དུ་མཛོམས་ནས། ལུགས་བསམ་ཁྱབ་ཁོངས་སྤྱི་ཡོངས་ལ་རྒྱུས་ལོན་དང་། ལས་རིམ་རགས་ཟིན་ལ་གྲོས་བསྡུར་གནང་སྟེ་ཉིན་བཞིའི་ལས་རིམ་འཐུས་ཚང་གཏན་འཁེལ་གནང་ཡོད་པ་དང་། དེ་ནས་ལུགས་བདེ་གཉིས་ཀྱི་གཞིས་འགོ་དང་སྤྱི་འཐུན་མཉམ་སྦྲེལ་གྱི་ཚོགས་གཙོ་དང་། གཞན་ཡང་ལས་བྱེད་ཁག་གཅིག་བཅས་ལུགས་བསམ་ཁྱབ་ཁོངས་གཞིས་མཉམ་གཉིས་ཀྱི་སྡེ་ཚན་ཁག་དང་། སྤྱི་མཐུན་མཉམ་སྦྲེལ་གྱི་ཡན་ལག་ཁག སྃ་བྷོ་ཊའི་ཁྱབ་ཁོངས་ཡན་ལག་སློབ་གྲྭ་གཉིས་བཅས་ལ་གཟིགས་སྐོར་དང་། དེ་རྗེས་འབྲུག་པ་བཀའ་བརྒྱུད་དགོན་པ་དང་། ས་སྐྱ་དགོན་པ། ཀརྨ་ནལནྡར་བཅས་སུ་གནས་གཟིགས་གནང་། དགོན་པ་སོ་སོའི་མཁན་པོ་དང་ཕྱག་མཛོད་བཅས་ཀྱིས་དགོན་པའི་འཛིན་སྐྱོང་དང་ཆོས་འཆད་ཉན་བཅས་ཀྱི་ངོ་སྤྲོད་གནང་བ་དང་། སྤྱི་འཐུས་གཉིས་ཀྱིས་ཀྱང་བསྟན་པ་སྤྱི་དང་རང་རང་གི་ཆོས་བརྒྱུད་མི་ཉམས་དར་སྤེལ། བསྟན་འཛིན་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གནང་ཕྱོགས་བཅས་ཀྱི་སྐོར་ལ་བསམ་ཚུལ་གསུངས།

ཚེས་ ༡༦ ཉིན་སྔ་དྲོ་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་དབུས་ཉིན་སློབ་ཀྱི་ ༼བོད་སློབ་འཛིན་ཚོགས་སློབ་གྲྭ་༽ཚོགས་ཁང་དུ་དགེ་སློབ་ ༧༠༠ ལྷག་ཙམ་ཚང་འཛོམས་ཐོག བོད་ཧིན་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་ནས་སློབ་ཕྲུག་རྣམས་ཀྱིས་ བསླབ་བྱ་གཅེས་བཏུས་དང་སྙན་ངག་དྲག་འདེམས་གྱེར་འདོན། གཞན་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱལ་སྤྱིའི་དབུ་ཁྲིད་ལྷན་ཚོགས་ལ་བཅར་བས་མཚོན་གལ་ཆེའི་གསར་འགྱུར་ཁག་གཅིག་ཐད་གཏོང་གི་རྣམ་པའི་ཐོག་སྒྲོག་སྦྱང་གནང་ཡོད།    སྤྱི་འཐུས་རྣམ་གཉིས་ཀྱིས་རིམ་བཞིན་སྔར་གྱི་བརྗོད་གཞི་ཐོག་གསུང་བཤད་གནང་བ་དང་། དེ་རྗེས་སློབ་གྲྭའི་འཛིན་ཁང་དང་། ཁོར་ཡུག སྤྱི་ཐབ་སོགས་ལ་གཟིགས་སྐོར་དང་། སློབ་མའི་བཟང་སྤྱོད་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་སློབ་གྲྭའི་སློབ་སྤྱི་དང་ལྷན་དུ་གོ་བསྡུར་གནང་། ལྷག་པར་དུ་སློབ་གྲྭ་རྩིས་ལེན་འགྲོ་བཞིན་པའི་སྐབས་འདིར་དགེ་ལས་ཡོངས་ཀྱིས་ཐུགས་འཁུར་ཆེ་བཞེས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།??????????

དེ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་ལ་གཟིགས་སྐོར་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོས་དབུས་ཚོགས་མི་རྣམས་དང་ལྷན་རང་བདེན་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་དང་སྔོན་རྩིས་འགྲོ་སྟངས་སོགས་གོ་བསྡུར་དང་དོགས་འདྲི་ཡོད་པ་ཁག་གཅིག་ལ་སྤྱི་འཐུས་རྣམ་གཉིས་ནས་ལན་འདེབས་གསལ་བཤད་གནང་། དེ་ནས་རིམ་བཞིན་འཚོ་བྱེད་སྨན་ཁང་དང་། སྦེལ་ཀོབ་ས་གནས་ཁྲིམས་ཞིབ་ཁང་། ལུགས་བསམ་རྒན་གསོ་ཁང་། སྃ་བྷོ་ཊའི་སློབ་གྲྭ་གཅིག་བཅས་སུ་གཟིགས་སྐོར་གནང་བ་དང་། ཕྱི་དྲོ་ས་གནས་ལུགས་བདེ་གཉིས་ཀྱི་གཞིས་འགོ་དང་མཉམ་འབྲེལ་ཚོགས་གཙོ་བཅས་ལྷན་བཅར་གྱིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱག་མཛོད་རྒན་གཞོན་གྱིས་སྣེ་ལེན་དང་བཅས་གྲྭ་ཚང་གི་འདུ་ཁང་དང་མགོན་ཁང་བཅས་ཀྱི་ནང་གནས་གཟིགས་གནང་། ཚོུད་༦་༣༠ ཐོག་ཆོས་རྭའི་ནང་བླ་སྤྲུལ་དགེ་འདུན་འདུས་མང་ ༨༥༠ ཙམ་ཡོངས་རྫོགས་ཚང་འཛོམས་དབུས་སུ་༸སྐྱབས་རྗེ་མཁན་རིན་པོ་ཆེའི་སྐུ་ཚབ་དང་། མཚུངས་མེད་དགེ་བསྐོས་རྣམ་གཉིས་ཀྱིས་སྣེ་ལེན་དང་བཅས་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ནས་ཀྱང་སྔར་བཞིན་སྐབས་ ༡༥ པའི་གྲོས་ཚོགས་ཀྱི་ལས་རིམ་སྙིང་བསྡུས། བཅའ་ཁྲིམས་དང་ཁྲིམས་སྒྲིག་གཞན་ཁག བོད་ནང་གི་ཛ་དྲག་གནས་སྟངས། ༸གོང་ས་མཆོག་གི་མཛད་འཕྲིན་ལ་སོགས་པའི་སྐོར་གསུང་བཤད་དང་། དྲི་བར་ལན་འདེབས་སོགས་གནང་ཡོད།

ཚེས་ ༡༧ ཉིན་སྔ་དྲོ་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་ ༡༡༠༠ ལྷག་ཙམ་ཚང་འཛོམས་དབུས། སློབ་གྲྭའི་སློབ་སྤྱི་མཆོག་ནས་ཕེབས་བསུའི་ངོ་སྤྲོད་གསུང་བཤད་དང་སྦྲགས། སྤྱི་འཐུས་རྣམ་གཉིས་ནས་བརྗོད་དོན་གོང་བཞིན་གསུང་བཤད་གནང་། དེ་རྗེས་མཉམ་སྦྲེལ་ཚོགས་ཁང་གསར་པའི་ནང་ལུགས་བསམ་ཁྱབ་ཁོངས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། གཞིས་གྲོང་ཁག་གི་སྤྱི་མི་དང་མང་ཚོགས། ༧༥༠ ལྷག་ཙམ་བཅས་ཚང་འཛོམས་ཀྱིས་མི་མང་ཚོགས་འདུ་དབུ་འཛུགས་དང་སྦྲགས། ས་གནས་འགོ་འཛིན་གྱིས་ཕེབས་བསུའི་ངོ་སྤྲོད་གསུང་བཤད་མདོར་བསྡུས་ཤིག་གནང་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་ཀྱིས་རིམ་བཞིན་སྔར་ལྟར་གསུང་བཤད་དང་། མང་ཚོགས་ནས་དྲི་བ་བྱུང་ཁག་ལ་ལན་འདེབས་དང་གསལ་བཤད་དགོས་རིགས་བཅས་གནང་། དེ་རྗེས་ཅ་ཀུར་སྃ་བྷོ་ཊ་ཡན་ལག་སློབ་གྲྭར་གཟིགས་སྐོར་དང་དགེ་ལས་རྣམས་ཀྱི་ལྷན་སློབ་གྲྭའི་སྐོར་ལ་གྲོས་བསྡུར་གནང་།

20141022_120543དེ་ཉིན་ཕྱི་དྲོ་ལུགས་བདེ་གཉིས་ཀྱི་གཞིས་འགོ་མཉམ་བཅར་གྱི་ཆོས་རིག་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས་མཆོག་གི་གཟིམ་ཤག་ཏུ་འཚམས་འདྲིར་བཅར་གནང་བ་དང་། ཐེག་ཆེན་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་དང་དགོན་པའི་ལས་སྣེ་རྣམ་པས་སྣེ་ལེན་དང་བཅས་གནས་གཟིགས་གནང་། བཤད་གྲྭའི་ཚོགས་ཁང་ཆེན་མོའི་ནང་མཁན་པོ་དང་བླ་གྲྭ་བཙུན་མ་འདུས་མང་ ༡༣༠༠ ལྷག་ཙམ་ཚང་མཛོམས་ཐོག་ཚོགས་འདུ་དབུ་འཛུགས་དང་སྦྲགས། ཐོག་མར་ལུགས་བསམ་ས་གནས་འགོ་འཛིན་མཆོག་ནས་ཕེབས་བསུ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གྲུབ་ཉིད།   སྤྱི་འཐུས་རྣམ་གཉིས་ཀྱིས་གསུང་བཤད་རིམ་བཞིན་གནང་།

ཚེས་ ༡༨ ཉིན་སྔ་དྲོ་གཞིས་མཉམ་གཉིས་དང་། གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ། གཞིས་གྲོང་ཁག་གི་སྤྱི་མི། ས་གནས་གཞོན་ནུ་དང་བུད་མེད་ཀྱིས་གཙོས་པའི་ཚོགས་སྡེ་ཁག་གི་འཐུས་མི་བཅས་འདུ་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་སྤྲེལ་པོའི་ལམ་སྟོན་ལྟར་ས་གནས་སོ་སོར་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་དང་། མི་མང་གི་རེ་སྐུལ་དང་བསམ་ཚུལ་ཞུས་རིགས་ལ་གསལ་བཤད་དང་། དྲི་བར་ལན་འདེབས་གནང་ཡོད་པ་རེད། དེ་ནས་ས་གནས་ཀྱི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་དགོས་རིགས་གནང་། ཉིན་རྒྱབ་ནས་གཞིས་ལས་ཁང་དུ་ས་གནས་འགོ་འཛིན་དང་ལྷན་ཕྱོགས་བསྐྱོད་སྐབས་ཀྱི་གཟིགས་ཚུལ་དང་མཇུག་སྐྱོང་ཇི་དགོས་གྲོས་བསྡུར་གནང་ཡོད་པ་དང་། ས་གནས་ལུགས་བདེ་གཉིས་ཀྱི་གཞིས་འགོ་དང་། མཉམ་སྤྲེལ་ཚོགས་གཙོ་དང་ལྷན་སེ་ར་བླ་སྤྱིའི་ཕྱག་མཛོད་རྒན་གཞོན་གྱིས་སྣེ་ལེན་དང་བཅས་བླ་སྤྱིའི་འདུ་ཁང་སོགས་སུ་གནས་གཟིགས་གནང་། དེ་རྗེས་སེར་བྱེས་ཆོས་རྭའི་ནང་བླ་སྤྲུལ་དགེ་འདུན་འདུས་མང་ ༢༢༠༠ ལྷག་ཙམ་ཚང་འཛོམས་དབུས་སུ་གྲྭ་ཚང་རིན་པོ་ཆེའི་དགེ་བསྐོས་དང་ཕྱག་མཛོད་རྣམ་པས་སྣེ་ལེན་དང་བཅས་ཚོགས་འདུ་དབུ་འཛུགས་ངོ་སྤྲོད་གསུང་བཤད་དང་སྦྲགས། སྤྱི་འཐུས་རྣམ་གཉིས་ནས་རིམ་བཞིན་གསུང་བཤད་གནང་།

ཚེས་ ༡༩ ཉིན་སྔ་དྲོ་སྦེལ་ཀོབ་ལུགས་བདེ་གཉིས་ནས་མེངག་ལོར་དུ་ཕེབས་ནས། ཕྱི་དྲོའི་ཚོུད ༤་༣༠ ཐོག་མཐོ་སློབ་ཀྱི་ཚོགས་ཁང་ནང་མེངག་ལོར་དུ་ཡོད་པའི་མཐོ་སློབ་ཁག་གི་བོད་རིགས་སློབ་ཕྲུག་གྲངས་ ༦༤ དང་ལྷན་དུ་ཚོགས་འདུ་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱིས་སྔར་ལྟར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་།

ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ནས་མེངག་ལོར་ནས་སྦེང་ལོར་དུ་ཕེབས།

ཚེས་ ༢༡ ཉིན་སྔ་དྲོ་ནི་ལ་མང་ག་ལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་ཕེབས་ཏེ་འགན་འཛིན་གྱི་སྣེ་ཁྲིད་དེ་ལས་ཁུངས་མ་ལག་དང་། མཛེེས་བཟོ། སྐྲ་བཟོ། འཚེམ་བཟོ་སོགས་ཀྱི་འཛིན་གྲྭར་གཟིགས་སྐོར་གནང་། ཚོུད་ ༡༢ ཐོག་སློབ་གྲྭའི་ཚོགས་ཁང་ནང་སློབ་མ་ ༢༧ ཙམ་འཛོམས་ཐོག། སྤྱི་འཐུས་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཕྱི་དྲོ་ཚོུད་ ༦ ཐོག་སྦེང་ལོར་བོད་ཁྱིམ་ཚོགས་ཁང་དུ་སྦེང་ལོར་གྲོང་ཁྱེར་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་མཐོ་སློབ་ཀྱི་སློབ་མ་དང་། ཚོགས་སྡེ་ཁག་དང་། མི་མང་བཅས་མི་གྲངས་ ༨༥ ཙམ་ལྷན་འཛོམས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་གསུང་བཤད་གནང་བ་དང་། བསམ་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།20141017_105012

ཚེས་ ༢༢ ཉིན་གྱི་སྔ་དྲོ་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས། སློབ་སྤྱི་སྤྱི་འཐུས་བུ་མོ་ཚེ་རིང་མཆོག་གིས་སྣེ་ལེན་གནང་སྟེ་སློབ་གྲྭའི་ལས་ཁུངས་ཁག་ལ་གཟིགས་སྐོར་གནང་། དེ་རྗེས་སློབ་གྲྭའི་ཚོགས་ཁང་ནང་དུ་དགེ་སློབ་ ༣༥༠ ཙམ་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ཀྱིས་སྔར་ལྟར་གསུང་བཤད་གནང་བ་དང་། མཐོ་སློབ་ཀྱི་དགེ་ཆེས་ལས་དོན་ངོ་སྤྲོད་དང་ཐུགས་རྗེ་ཆེ་ཞུ་གནང་། དེ་རྗེས་སྤྱི་འཐུས་རྣམ་གཉིས་སྦེང་ལོར་དུ་ཡོད་པའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་སུ་བཅར་ཏེ་ཚོགས་ཁང་དང་། མགྲོན་ཁང་། ལས་ཤག་གསར་པ་བཅས་སུ་གཟིགས་སྐོར་གནང་སྟེ་ད་རེས་ས་བགོས་གཞུང་འབྲེལ་གཟིགས་སྐོར་གྱི་ལས་རིམ་རེ་ཞིག་གྲུབ་པའི་གནས་ཚུལ་སྙིང་བསྡུས་སུ།

Menu