ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་ཅེན་ནའི་དང་། པོན་ཌི་ཅ་རི། ༼ཨོ་རོ་ཝེ་ལེ༽ ཀན་ནེཡ་ཀུ་མ་རི། ཀོ་ཅིན་བཅས་སུ་ཡོད་པའི་མཐོ་སློབ་ཁག་དང་། བོད་པའི་ཁྲོམ་ས་ཁག སྦེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་གྲོང་སྡེ་ཁག་བཅུ་དྲུག གཞིས་ཆགས་སློབ་གྲྭ མཉམ་འབྲེལ་སྡེ་ཚན་ཁག་བཞི། གཞིས་ཁུལ་སློབ་གྲྭ་གཅིག ། དགོན་ཁག་གཉིས། ཉམ་ཐག་ཁྱིམ་ཚང་གྲངས་སུམ་ཅུ་ལྷག་གི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག
འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། །མི་མང་འདུ་འཛོམས་ཐོག་གསུང་བཤད་ཐེངས་བཅུ་གསུམ། བཞུགས་མོལ་ཚོགས་འདུ་ཐེངས་གསུམ་བཅས་གནང་ཡོད་པ་དང་། ཐེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བར་མཚམས་མེད་པར་བྱུང་དང་འབྱུང་བཞིན་པའི་གནས་སྟངས་དང་བརྒྱུད་རིམ། བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་མི་རིགས་ཀྱི་སྙིང་སྟོབས་ཉམས་མེད་དུ་གནས་དགོས་སྐོར། ད་ལྟའི་གཞིས་བཞུགས་བོད་མིིའི་སྙིང་སྟོབས། དེ་བཞིན་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་མི་མང་ནས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱ་རྒྱུའི་གནད་དོན་ཁག ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་གལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར་དང་། སྤྱི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་བཙན་བྱོལ་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་གལ་གནད་ཆེ་ཁག་གི་ཐོག་གསུང་བཤད་གནང་འདུག
དེ་བཞིན་སློབ་ཕྲུག་དང་མི་མང་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་གིས་གྲོས་བསྡུར་དང་། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་བྱས་པ། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང། མཉམ་ལས་སྡེ་ཚན་ཁག་དང་། སློབ་གྲྭ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་བཅས་བྱས་ཏེ་ཕར་འགྲོ་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ཉེར་གཅིག་རིང་ལྷོ་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་ས་ཁག་དྲུག་ལ་རྟོག་ཞིབ་དང་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག་ཅིང་། ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།