༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༢ ནས་ ༡༥ བར་ཨུ་ཌི་ཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་དང་། བྷི་ཧར་མངའ་སྡེའི་ནང་གི་རྡོ་རྗེ་གདན་ས་གནས། ཡུ་པི་མངའ་སྡེའི་ནང་གི་ཝ་ར་ཎ་སི་གྲོང་ཁྱེར་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་ཨུ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུབ་ནི་ཤི་ཝར་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་རྒྱབ་ས་གནས་སུ་འབྱོར་འཕྲལ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་རྣམ་གཉིས་ནས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་ནས་ཕྱི་དྲོ་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་འབྱོར་སྐབས་ས་གནས་རང་བདེན་ཚོགས་གཙོ་ཡིས་གཙོས་མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་། ལས་དྲུང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་རྒྱུན་ལས། གཞིས་གྲོང་ཁག་གི་སྤྱི་མི་སོགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་པ་མ་ཟད། རྡོ་རྗེ་གདན་དང་། ཝ་ར་ཎ་སི་གྲོང་ཁྱེར་བཅས་ལ་ཕེབས་སྐབས་ཀྱང་ས་གནས་ཀྱི་གནད་ཡོད་མི་སྣས་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག
ཕྱི་ཚེས་ ༥ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཨུ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ནང་གི་རྒས་གསོ་ཁང་གསར་རྒྱག་ལས་གཞི་ལེགས་གྲུབ་ཟིན་པའི་མཛད་སྒོའི་སྐབས་གདན་ཞུས་ལྟར་ཆེད་ཕེབས་གནང་རྗེས། ས་གནས་འགོ་འཛིན་དང་། ས་འཐུས། ས་གནས་རང་བདེན་ཚོགས་ཆུང་། མཉམ་འབྲེལ་བཅས་ཀྱི་ལས་ཁུངས་ཁག་ལ་གཟིགས་བསྐོར་གནང་བ་དང་། དེ་ནས་ས་འཐུས་ཚོགས་ཁང་ནང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། དེ་བཞིན་གཞིས་ཆགས་ཀྱི་བོད་མིའི་སྡོད་སྒར་ཁག་དང་། ས་གནས་སློབ་གྲྭ། ཁོར་ཡུག་གཙང་བཟོའི་ལས་གཞི། མཉམ་འབྲེལ་འཕྲུལ་རྨོས་སྡེ་ཚན། ས་ཞིང་ཁག ས་གནས་སྨན་རྩིས་ཁང་། སྨན་ལྷ་སྨན་ཁང་། རྩམ་ཐག་འཕྲུལ་འཁོར། རྒས་གསོ་ཁང་སོགས་ལ་གཟིགས་བསྐོར་གནང་གྲུབ་མཚམས་གཞིས་ཆགས་ཀྱི་དགོན་སྡེ་ཁག་ལ་མཆོད་མཇལ་ཕེབས་གནང་ཡོད་འདུག
རིམ་བཞིན་ལས་རིམ་ལྟར། རྡོ་རྗེ་གདན་དུ་ཆེད་ཕེབས་ཀྱིས་དེར་ཡོད་པའི་༸རྒྱལ་བའི་ཕོ་བྲང་གིས་གཙོས་དགོན་སྡེ་ཁག་གཅིག་དང་། རྡོ་རྗེ་གདན་མཆོད་བརྟེན་རིན་པོ་ཆེར་མཆོད་མཇལ་དང་། དེ་ནས་ཝ་ར་ཎ་སི་གྲོང་ཁྱེར་དུ་ཕེབས་ནས་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་འཛིན་ཁང་དང་། ཡིག་ཚང་། ལས་ཁུངས་སོགས་ལ་གཟིགས་ཞིབ་ཀྱིས་གནས་སྟངས་རྒྱུས་ལོན་གནང་ཡོད་པ་མ་ཟད། ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་དང་། ཝ་ར་ཎ་སི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་ Banaras Hindu University གི་བོད་ཕྲུག་རྣམས་སོ་སོར་དམིགས་བསལ་མཇལ་འཕྲད་ཀྱིས་གསུང་བཤད་དང་བསམ་ཚུལ་བསྡུ་ལེན་ཡང་གནང་ཡོད། ལྷག་པར་དུ་རྡོ་རྗེ་གདན་དང་ཝ་ར་ཎ་སི་གྲོང་ཁྱེར་གཉིས་ཀྱི་བོད་མི་སུད་ཚོང་བ་ཁག་དང་མཇལ་འཕྲད་ཀྱིས་ས་གནས་ཀྱི་ཁྲོམ་སའི་བདེ་སྡུག་སླད་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ ཙམ་གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མཐོ་སློབ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༤ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།