སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་མཛད་སྒོར་ལྷན་བཞུགས་གནང་བ།

 

20150616_074931དེ་ཡང་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་དཔའ་བོ་ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་འཁྲིད་གནང་སྟེ། བོད་ཆོལ་གསུམ་ཁྱོན་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོོ་ ༥༧ འཁོར་བའི་དུས་དྲན་ཐེངས་ ༥༦ པ་དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༦ ཞོགས་པ་ཆུ་ཚོད་ ༧།༣༠ ཐོག་དྷ་སྟེང་ལྷ་རྒྱལ་རིར་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། གཞན་ཡང་སྤྱི་འཐུས་རྣམ་པ་ཁག་ཅིག་ལྷན་བཞུགས་གནང་ཡོད་པ་རེད།

20150616_080032མཛད་རིམ་གྱི་ཐོག་མར་སྐུ་མགྲོན་རྣམ་པ་དང་སྒྲིག་འཛུགས་ཀྱི་ཚོགས་མིས་གཙོས་མི་མང་རྣམས་འདུ་འཛོམས་བཞུགས་གྲལ་འཁོད་མཚམས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་གི་སྐུ་ཞབས་རྣམ་པས་བསང་གསོལ་རྒྱས་པ་དབུ་སྐུལ་འུར་འདོན་གནང་། དེ་ནས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཐོག་མར་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་སྐུ་པར་བཅས་ལ་རིམ་པ་བཞིན་མཇལ་དར་སྒྲོན་འབུལ་གྲུབ་བསྟུན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་། དེ་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་དང་མྱ་ངན་གུས་བཏུད་ཀྱི་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་ནས་ཆུ་སྒང་དབུས་རྒྱུན་སྐུ་ཚབ་ནས་ཆུ་སྒང་གི་གསུང་འཕྲིན་སྒྲོག་སྦྱང་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྙན་སྒྲོན་གནང་། དེ་ནས་ཆུ་སྒང་ས་རྒྱུན་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་བསང་གསོལ་གྱི་ཞལ་འདོན་རིམ་པ་མཇུག་སྐྱོང་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པའི་གནས་ཚུལ་དུ།

Menu