སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་སྤྱི་འཐུས་རྒྱུན་ལས་སུ་ཕེབས་པ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༢ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་མདོ་སྨད་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་སྤྱི་འཐུས་རྒྱུན་ལས་ནས་དགོངས་པ་ཞུས་པའི་ཚབ་ཏུ། བོད་མི་མང་མདོ་སྨད་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་སྤྱི་འཐུས་རྒྱུན་ལས་སུ་ཕེབས་ཡོད་པ་རེད།


དེ་ཡང་ཉིན་གུང་ཆུ་ཚོད་ ༢།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་གནས་སྤོས་ཀྱིས་རྒྱུན་ལས་ལ་བཞུགས་ཐུབ་མིན་གྱིས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་རྒྱུན་ལས་སུ་ཕེབས་བསྡད་ཡོད་པའི་སྐོར་སྙན་གསེང་དང་། དེ་རྗེས་སྔར་སྲོལ་བཞིན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གནང་སོང་།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༦ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་ནང་སྡེ་ཚན་གསུམ་ལ་སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢ ནས་བསྐྱར་བཅོས་ཀྱིས་སྡེ་ཚན་གཞན་རྣམས་རང་འཇགས་ཐོག་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་ཆ་བགོས་ཀྱིས་ཐུགས་གཏན་ཁེལ་གནང་ཡོད་པ་བཅས། །