སྤྱི་ཟུར་རྒྱལ་ནོར་ཚེ་དབང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།


༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་རྒྱལ་ནོར་ཚེ་དབང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ ཉིན་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་སྐུ་ཟླ་གཡུ་སྒྲོན་ལགས་ཀྱིས་གཙོས་པའི་བུ་ཕྲུག་ནང་མི་ལྟོས་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་སྐུ་ཟླ་བུ་ཕྲུག་ཉེ་འབྲེལ་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་སྐུ་ཟླ་གཡུ་སྒྲོན་ལགས་ཀྱིས་གཙོས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་འཁོད་གནང་འདུག

དེ་ཡང་དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༢ ལོར་སྟོད་ཤེལ་དཀར་དུ་སྐུ་འཁྲུངས་ཤིང་། ཆུང་དུས་བལ་ཡུལ་ཤར་ཁུམ་བོད་མིའི་གཞིས་ཆགས་སློབ་གྲྭའི་ནང་འཛིན་རིམ་ལྔ་པ་བར་ཕེབས། དེ་རྗེས་གཞིས་ཆགས་སུ་ལག་ཤེས་བཟོ་གྲྭའི་ནང་གྲུམ་གདན་འཐག་བསྐྲུན་དང་འབྲེལ་ཕྱི་ལོ་ ༡༩༧༠ ནང་བལ་ཡུལ་ཀཐ་མན་གྲུར་གནས་སྤོས་ཀྱིས་གྲུམ་གདན་བཟོ་སྐྲུན་གནང་མུས་ཐོག་ ༡༩༩༤ ལོར་བལ་ཡུལ་རྒྱལ་སར་ཧི་མཱ་ལ་ཡ་རྒྱལ་སྤྱིའི་དགེ་སྟོན་སློབ་གྲྭ་ཞེས་པ་ཞིག་གསར་བཙུགས་གནང་། ཕྱི་ལོ་ ༡༩༩༠ ནང་བལ་ཡུལ་རྒྱལ་སར་སྲོང་བཙན་བལ་བཟའ་སྤྱི་ཚོགས་དང་རིག་གཞུང་ཡར་འདེགས་ཚོགས་པ་ཐོག་མར་གསར་དུ་འཛུགས་མཁན་གྱི་གྲས་ཤིག་ཡིན་པ་དང་། ཚོགས་པ་དེའི་ཚོགས་གཞོན་ཡང་གནང་མྱོང་ཡོད། ཕྱི་ལོ་ ༡༩༩༠ ཙམ་ནས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་བོད་རིགས་ཉམ་ཐག་འཁོས་ཞན་གྱི་བུ་ཕྲུག་མང་དག་ཅིག་ལ་སློབ་ཡོན་རོགས་རམ་ཟམ་མ་ཆད་པ་གནང་ཡོད། དེ་བཞིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་སུ་འོས་ཐོན་གྱིས་སྐབས་འགའི་རིང་དབུས་རྒྱུན་དང་། བལ་ཡུལ་མཆོད་འཇོར་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། ཕྱི་ལོ་ ༢༠༠༥ ལོར་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཐེངས་དང་པོ་བསྐྱངས་སྐབས་འགན་འཛིན་ལྷན་ཚོགས་སུ་འོས་ཐོན་ལྟར་ལས་འཁུར་ཞེས། ལྷག་པར་བོད་མིའི་སྤྱི་ཚོགས་ནང་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་སྟེ་སྐུ་ཉིད་ཀྱི་འཁོས་འབབ་ལྟར་བོད་མིའིི་སྤྱི་ཚོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད། དགོན་སྡེ་སོགས་ལ་དཔལ་འབྱོར་གྱི་ཞལ་འདེབས་རྒྱ་མི་ཆུང་བ་གནང་བའི་མཚོན་ཕྱག་ལས་གནང་ཡོད་པར་བརྟེན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་༡༠ ཉིན་པདྨོ་སྐྱོབ་གཟེངས་རྟགས་དང་། བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་གཟེངས་བསྟོད་དྲན་རྟེན། གཞན་ཡང་ཚོགས་སྐྱིད་གཞན་གྱི་གཟེངས་བསྟོད་དང་། ཕྱག་ཁྱེར་སོགས་གནང་སོན་བྱུང་ཡོད་བཅས་མདོར་ན་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ཚོགས་བདེ་དོན་བཅས་ལ་ཞབས་འདེགས་རླབས་པོ་ཆེ་ཞུས་གནང་མཁན་ཞིག་ དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་སྤྱི་འཐུས་ཀྱི་ལས་ཡུན་རིང་ལས་འཁུར་བཞེས་མྱོང་མཁན་ཞིག་ཡིན་པ་བཅས། །

Menu