སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་སྐབས་ ༦ པ་དང་ ༧ པའི་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་མཆོག་འདི་ལོ་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༡ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་སྐུ་ཟླ་བྱམས་པ་རྣམ་རྒྱལ་ལགས་ཀྱིས་གཙོས་བུ་ཕྲུག་ནང་མི་ཉེ་འབྲེལ་ལྟོས་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་སྐུ་ཟླ་དང་བུ་ཕྲུག་ཉེ་འབྲེལ་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་སྐུ་ཟླ་བྱམས་པ་རྣམ་རྒྱལ་ལགས་ཀྱིས་གཙོས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

དེ་ཡང་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་མཆོག་ནི་ཕྱི་ལོ་ ༡༩༤༧ ལོར་སྐུ་འཁྲུངས་ཤིང་། རྒྱ་གར་དུ་ཕེབས་ནས་ཕྱི་ལོ་ ༡༩༦༢ ལོར་སྤོན་ཌ་ཅ་རིར་ (Auroville Ashram) ནང་སློབ་ཞུགས་གནང་། སློབ་གྲྭ་དེའི་ནང་བོད་པའི་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་དང་པོ་ཆགས་ཡོད།  སློབ་ཐོན་རྗེས་ལྡི་ལིར་ཟླ་དྲུག་རིང་ལས་བྱེད་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༨།༡༩༦༩ ལོར་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཨིན་དྲུང་དམིགས་སྒོར་ཨིན་ཡུལ་དུ་མངགས་དོན་ལྟར་ལོ་གཉིས་རིང་མཐོ་སློབ་ཏུ་ཨིན་ཡིག་དང་ཕྲུ་གུའི་བལྟ་སྐྱོང་། གཙང་འཕྲོད་སོགས་ཀྱི་ཐོག་སློབ་སྦྱོང་གནང་སྟེ་མཐར་སོན། དེ་རྗེས་རྡ་ས་བོད་ཕྲུག་ཁྱིམ་སྡེར་ལོ་ལྔའི་རིང་ཨིན་དྲུང་གནང་། བོད་མི་མང་སྤྱི་འཐུས་སྐབས་ ༦ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་གྱིས་ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ ནས་ཕྱི་ལོ་ ༡༩༧༩ ཟླ་ ༩ ཚེས་ ༡ བར་ལས་ཡུན་ལོ་གསུམ་རིང་ལས་འཁུར་བཞེས་པ་དང་། སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་ ༧ པའི་སྤྱི་འཐུས་སུ་བདམས་ཐོན་ལྟར་ཕྱི་ལོ་ ༡༩༧༩ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༡ བར་ལས་ཡུན་ལོ་གསུམ་ཁྱོན་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་བའི་ལས་དོན་གནང་། ཕྱི་ལོ་ ༡༩༨༢ ལོར་རང་གཞུང་ལས་བྱེད་བདག་གཉེར་ཁང་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་དུ་ལས་བྱེད་དུ་བསྐོ་བཞག་གནང་བ་ལྟར་ཕྱི་ལོ་ ༡༩༨༦ བར་ལོ་ལྔའི་རིང་བལ་ཡུལ་ཁུལ་གྱི་རང་རིགས་ཀྱི་བདེ་སྡུག་གིས་གཙོས་ས་གནས་གནད་ཡོད་མི་སྣར་ལས་དོན་ཞུ་སྐུལ་ཞུ་རྒྱུད་ཀྱི་ཞབས་ཞུ་ཞུས།  ཕྱི་ལོ་ ༡༩༨༦ ནས་ཧྥ་རན་སིའི་རོགས་ཚོགས་ (Graines d’Avenir) དང་ ((APACT) Association Paloise Art Culture Tibet) གཉིས་ཀྱི་བལ་ཡུལ་ལས་དོན་འགན་ཁུར་རྐང་ལེན་ཕྱི་ལོ་ ༢༠༢༠ བར་བལ་ཡུལ་ཁུལ་དུ་གནས་སྡོད་རང་རིགས་ཉམ་ཐག་དང་སློབ་ཕྲུག་བརྒྱ་ཕྲག་མང་པོར་འཚོ་གོས་དང་སློབ་ཡོན་སློབ་ཞུགས་སོགས་ཀྱི་རོགས་རམ་གྱི་ཕྱག་ལས་གནང་། མདོར་ན་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་མཁན་མཛད་རྗེས་ཅན་ཞིག་ཡིན། དམ་པ་དེ་ཉིད་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༡ རེས་གཟའ་སྤེན་པའི་ཉིན་གྱི་མཚན་མོར་སྐུ་ཚེའི་འཕེན་པ་རྫོགས་ཤིང་། ཤུལ་དུ་གང་དེའི་བཟའ་ཟླ་དང་བུ་ཕྲུག་གཉིས་ལུས་ཡོད་པ་བཅས་སྐུ་ཚེའི་ལོ་རྒྱུས་མདོ་ཙམ་བཀོད་པ་དགེའོ།།

Menu