སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ཉིན་སྔ་དྲོ་ཕྱག་ཚོད་ ༡༡།༠༠ ཐོག་སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།

དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་ལས་དོན་ཁག་ངོ་སྤྲོད་སྙིང་བསྡུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དཔེ་དེབ་དང་། རང་ལུས་མེར་བསྲེགས་དང་འབྲེལ་བའི་དཔེ་དེབ་ “རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ།” ཞེས་པའི་དཔེ་དེབ་བཅས་ཕུལ་གནང་སོང་།

སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་གིས་ད་ལྟའི་བོད་མིའི་སྒྲིག་འཛུགས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་རྒྱ་སྐྱེད་དང་ཚགས་ཚུད་ཡོད་པར་ཡིད་རངས་བསྔགས་བརྗོད་གནང་བ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་ལས་དོན་ཡོངས་རྫོགས་ཚགས་ཚུད་དང་གྲུབ་འབྲས་ལྡན་པ་ཡོད་པ་དེ་ཉིད་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་གསུངས་གནང་སོང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དང་། སྤྱི་འཐུས་རྒྱུན་ལས་རྣམས་དང་ངོ་སྤྲོད་དང་སྦྲགས། ལྷན་དུ་སྐུ་པར་བསྒྲོན་གནང་ཡོད།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་དང་ལས་བྱེད་རྣམས་ཀྱང་ངོ་སྤྲོད་གནང་སོང་། སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་ནི་བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་གསུམ་པ་བར་དང་། སྐབས་དྲུག་པ་བཅས་ལས་ཡུན་བཞིའི་རིང་མདོ་སྟོད་ཀྱི་སྤྱི་འཐུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །