སྤྱི་ཟུར་ཁེ་ཚ་ཨོ་དགའ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།


༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༣ པའི་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་ཁེ་ཚ་ཨོ་དགའ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ རེས་གཟའ་པ་སངས་ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་སྐུ་འཁོར་ནང་མི་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་ཉེ་འབྲེལ་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་གནང་འདུག
དེ་ཡང་སྤྱི་ཟུར་ཁེ་ཚ་ཨོ་དགའ་མཆོག་ནི་བོད་རྒྱལ་ལོ་ ༢༠༦༩ དང་ཕྱི་ལོ་ ༡༩༤༣ ལོར་བོད་ཆོལ་ཁ་གསུམ་དུ་ཕྱེས་པའི་ཡ་གྱལ་མདོ་སྟོད་ནང་ཆེན་རྫ་སྟོད་ཅེས་པའི་ས་གནས་སུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལ་སླེབས་དུས་བོད་ས་ཡོངས་རྫོགས་དམར་པོའི་སྲུང་དམག་གིས་དབང་བསྒྱུར་འོག་ཚུད་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་བཙན་བྱོལ་དུ་བྲོས་འབྱོར་ཐུབ་པ་བྱུང། ཐོག་མར་ཕྱི་ལོ་ ༡༩༦༠ ལོར་བལ་ཡུལ་ནུབ་ཕྱོགས་སུ་རྡོར་སྤ་ཀྲན་ཞེས་པའི་ས་གནས་སུ་འབྱོར། དེ་གར་གཞིས་ཆགས་ཀྱི་ཁོངས་སུ་མ་ཚུད་ཀྱང་ ༡༩༦༨ བར་ལོ་གྲངས་བདུན་ཙམ་གྱི་རིང་དེ་གར་བཙན་བྱོལ་བ་གཞན་གྱི་མཉམ་རང་འཚོའི་འཚོ་བ་བསྐྱལ། ཕྱི་ལོ་ ༡༩༦༩ ལོར་ཐོག་མར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་རུ་གནས་སྤོས་བྱས། ལྟོ་ཚང་ཁྱིམ་ཚང་གི་གྲོང་བདག་ཐོས་བསམ་དང་། བསྟན་འཕེལ། བསོད་ནམས་བཀྲ་ཤིས་བཅས་ཀྱི་མཉམ་མ་གྲོས་བསམ་པ་གཅིག་མཐུན་ཐོག་ས་གནས་འཕགས་པ་ཤིང་ཀུན་དུ་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་ཁག་དང་། རྒྱ་གར་བཅས་གང་ས་ནས་འབྱོར་བའི་ཁ་འཐོར་མི་སྡེ་རྣམས་ཀྱི་དོན་དུ་རུམ་འཐག་བཟོ་གྲྭ་ཞིག་དང་། རུམ་འཐག་བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་ཕ་མ་རྣམས་ཀྱི་དོན་དུ་བུ་བཅོལ་ཁང་ལྟ་བུ་ཞིག་བཙུགས། བུ་བཅོལ་ཁང་དེ་ཉིད་ཕྱིས་སུ་སློབ་གྲྭ་ཞིག་གི་ངོ་བོར་གྱུར་ཏེ་སློབ་ཕྲུག་བརྒྱ་སྐོར་ལ་ལོ་ངོ་བརྒྱད་ཙམ་གྱི་རིང་གཞི་རིམ་སློབ་སྦྱོང་གི་གོ་སྐབས་སྤྲད། སློབ་གྲྭ་དེ་ཉིད་སྐབས་དེར་འཕགས་ཤིང་ལྟོ་ཚང་སློབ་གྲྭའི་མིང་ཐོག་ནས་ས་གནས་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱིས་སུ་འཕགས་ཤིང་ས་ཁུལ་དུ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གཟིགས་རྟོག་འོག་རྣམ་རྒྱལ་སྔོན་འགྲོའི་སློབ་གྲྭ་གཞི་ཚུགས་པའི་སྐབས་ལྟོ་ཚང་སློབ་གྲྭ་ཞེས་པ་དེ་རྣམ་རྒྱལ་སློབ་གྲྭར་ཟླ་སྒྲིལ་བྱས། ཕྱི་ལོ་ ༡༩༧༠ ནས་ ༡༩༩༠ བར་རྒྱལ་ས་ཀ་ཐ་མན་གྲུའི་འཕགས་ཤིང་ས་ཁུལ་བོད་རང་དབང་བདེན་པའི་ཚོགས་ཆུང་ནང་གནས་བབ་འདྲ་མིན་ཐོག་ཞབས་ཞུ་སྒྲུབ་འབུལ་ཞུས། ཕྱོགས་མཚུངས་ཕྱི་ལོ་ ༡༩༨༠ ནས་ ༡༩༨༧ བར་རང་བདེན་ཚོགས་ཆུང་གི་དངུལ་གཉེར་ལས་འཁུར་བཞེས། ཕྱི་ལོ་ ༡༩༨༠ ནས་ ༡༩༩༠ བར། འཕགས་ཤིང་ས་ཁུལ་གྱི་སྣེ་ལེན་ལས་བྱེད་གནང་། ཕྱི་ལོ་ ༡༩༩༠ ནས་ ༢༠༠༢ བར་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་ཕ་མའི་ཚོོགས་ཆུང་གི་ཚོགས་མིའི་ལས་འཁུར་བསྐྱངས། དེ་རྗེས་བོད་མི་མང་སྐབས་བཅུ་གསུམ་པའི་སྤྱི་འཐུས་སུ་འོས་འདེམས་བྱུང་སྟེ་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་མེད་པའི་ངང་ནས་བོད་མི་མང་ལ་ཞུབས་ཞུ་སྒྲུབ་འབུལ་ཞུས། དེ་མཚུངས་དབུས་མདོ་ཁམས་ཆུ་སྒང་གི་རྒྱུན་ལས་དང། ཀ་ཐ་མན་གྲུ་ས་གནས་མདོ་སྟོད་ཆུ་སྒང་གི་སློབ་སྟོན་པའི་ཁུར་བཞེས་བཞིན་བཞུགས། ཁོང་ལ་བུ་གཉིས་དང་བུ་མོ་གསུམ་བཅས་བུ་རྒྱུད་ལྔ་ཡོད། ལོ་མང་སྔོན་ནས་རྩ་གྲིབ་དང་གྲང་རླུང་གི་ནད་གཞིས་ཟིན་ཏེ་ཆོས་འཇིག་རྟེན་གཉིས་ཀའི་སྒོ་ནས་ཐབས་ཤེས་ནུས་པས་གང་ལྕོགས་རིམ་གྲོ་སྒྲུབ་པ་དང། སྒྲིབ་སྦྱོང་ཆེད་གནས་སྐོར་དུ་འཁྲིད་པ། བོད་སྨན་དང་ཕྱི་སྨན་མཉམ་སྦྱོར་གྱི་སྟེང་ནས་གསོ་སྤྱད་ཡོད་རྒུ་བྱས། མཐར་བོད་ཟླ་ ༧ ཚེས་ ༣ ཕྱི་ཟླ་ ༨ ཚེས་ ༢༡ རེས་གཟའ་པ་སངས་ཉིན་རང་མལ་བདེ་བའི་ནང་དུ་ཚེ་ཡི་འཕེན་པ་དལ་བས་བཏང་སྟེ་དུས་ཆོས་སུ་གྱུར་ཡོད་པ་བཅས། །
ཐུགས་གསོའི་གསུང་འཕྲིན་ངོ་མ། འདིར་གཟིགས་དང་།