སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་ལུགས་ཀྱི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༩ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག ནིའུ་ཡོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་བོད་ལུགས་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཐོག སྐུ་མགྲོན་གཙོ་བོར་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་དང་། གཞན་ཡང་སྤྱི་འཐུས་ཁག་ཅིག་དང་། དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་སྐྱིད་ཁག་གི་ལས་སྣེ་རྣམ་པ། ནིའུ་ཡོག་དང་ནིའུ་འཇར་སིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རྒྱུན་ལས་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ཕེབས་འདུག


སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་རང་ཚོའི་ཧ་ཅང་ཉག་ཕྲ་བའི་གནས་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ད་བར་བོད་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་དུ་བཀའ་དྲིན་གང་བསྐྱངས་པ་རྣམས་ང་ཚོས་མ་ཤེས་པ་ཡིན་ན་ང་ཚོ་རྩམ་ཟན་བོད་མི་ཡིན་ཟེར་བ་དེ་གོ་མ་ཆོད་པ་རེད་བསམ་གྱི་ཡོད། བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གི་བཙན་དབང་འོག་ཚུད་པའི་སྐབས་དེར་མགོན་པོ་གང་ཉིད་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ལྷན་མེས་འཚེག་མེར་གཏུག་གིས་ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་དེ་རྩ་བརླག་མ་འགྲོ་བའི་ཐོག་ལ་སྐུ་ལས་བསྐྱོན་གནང་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་ངན་བྱུས་བཤམས་ཏེ་ཕོ་བྲང་པོ་ཏཱ་ལར་མེ་སྒྱོགས་བརྒྱབ་པའི་སྐབས་དེར་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་མ་ཕེབས་དཀའ་མེད་བྱུང་བ་རེད། དེ་རྗེས་ང་ཚོ་མགོན་པོ་གང་ཉིད་མཆོག་གི་རྗེས་སུ་བསྙེགས་ནས་མིའི་ལུང་པར་སྐྱབས་བཅོལ་སླེབས་བསྡད་པ་ཆགས་ཀྱི་ཡོད་རེད། སྤྱིར་བོད་ནང་བཞུགས་པའི་སྐབས་སུའང་༸གོང་ས་མཆོག་གིས་སྔོན་མའི་བོད་གཞུང་དེ་ཉིད་མང་གཙོའི་ལམ་ལུགས་ལ་བསྒྱུར་བཅོས་གནང་རྒྱུའི་ཐོག་འབད་བརྩོན་གནང་ཡང་། རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱ་རྒྱུའི་འཆར་གཞི་ཡོད་པར་བརྟེན་དེ་ལྟར་ལམ་ལྷོངས་བྱུང་ཐུབ་མེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་ཕྱི་ལོ་ ༡༩༦༠ ལོར་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་གོམ་པ་དང་པོ་དེ་སྤོས་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ ལོ་བཅས་སོ་སོར་བོད་ཀྱི་ཆགས་འཇིག་གི་གནས་སྟངས་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་གནང་བ་དང་། ཕྱི་ལོ་ ༡༩༥༩ ནས་ ༧༩ བར་བོད་གཞུང་ནས་རང་བཙན་རྩོད་ཡོད་ཀྱང་། གྲུབ་འབྲས་གང་ཡང་མ་ཐོན་སྟབས། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཁྲིམས་དོན་མཁས་དབང་དང་། གྲོས་ལ་དབང་བའི་མི་སྣ་རྣམས་དང་ལྷན་བཀའ་བསྡུར་ལྷུགས་པོ་གནང་རྗེས། ང་ཚོའི་བོད་ཀྱི་གནད་དོན་གསལ་རྒྱུར་རྒྱ་ནག་མཉམ་དུ་སྐད་ཆ་མ་བཤད་པར་ཡོང་ཐབས་མེད་པར་གཟིགས་ཏེ། རྒྱ་ཆེའི་མང་ཚོགས་བརྒྱུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད།


ངས་ཞུ་དོན་སྙིང་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ནས་དུས་ད་ལྟ་བར་དུ་བོད་མི་རིགས་ཀྱི་ངོ་བོ་དང་། བོད་མི་རིགས་ཀྱི་མཚོན་རྟགས། ཁོག་པའི་སྙིང་དང་དཔྲལ་བའི་མིག། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཀྱི་ངོ་བོར་འཚོ་ཞིང་བཞུགས་པ་དེ་ང་རང་ཚོ་ཚང་མའི་བསོད་ནམས་དང་། ང་རང་ཚོ་ཡིན་ནའང་། ཕྱི་ལ་ངོམ་རྒྱུ་དང་། ནང་ལ་བསྟན་རྒྱུ་ཡོད་པ་དེ་ཁོང་ལས་ལྷག་པ་ཞིག་མེད་པ་དང་། ང་རང་ཚོ་གང་དུ་བཞུགས་པ་ཡིན་ནའང་སྤྱི་ཚོགས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་བྱུང་བ་དེ་ཡང་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས། ང་རང་ཚོ་ཚང་མས་ཁོང་གི་བཀའ་དྲིན་བསམ་ཤེས་ངེས་པར་དུ་བྱེད་དགོས། བཀའ་དྲིན་རྗེས་དྲན་ཞུ་རྒྱུར། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལ་སློབ་སྦྱོང་དང་། ལམ་སྟོན་ཐོག་ཤར་བསྐྱོད་བྱས་པ་ཡིན་ན་བསླུ་བ་གང་ཡང་ཡོང་གི་མ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་བོད་མིའི་སྒྲིག་འཛུགས་ཞེས་པ་གསོལ་སྩལ་དང་། དེ་བཞིན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཞེས་མང་གཙོའི་ལམ་ལུགས་ནང་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ལ་སོ་སོའི་ལམ་སྲོལ་ལྟར་ཤར་བསྐྱོད་བྱེད་ཐུབ་རྒྱུ་ཡོད་པ་དེ་གང་རེད་ཅེས་ཞུས་པ་ཡིན་ན། གཞུང་གིས་གནང་ཐུབ་པ་ཞིག་ཡོད་རེད། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོས་ནས་གནང་སྟངས་གཞན་ཞིག་དང་། རིགས་གཅིག་གནང་བདེ་པོ་ཞིག་ཡོད་རེད། ཡང་སྙིང་བོད་མི་རིགས་ཀྱི་འཐབ་རྩོད་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་གཞུང་གི་ལངས་ཕྱོགས་དེ་དབུ་མའི་ལམ་རེད། སྒེར་སོ་སོའི་ངོས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡང་རུང་བ་འཛིན་རྒྱུའི་ལམ་ཁ་ཞིག་ཡོད་བསྡད་པ་རེད། འོན་ཀྱང་ང་རང་ཚོ་བོད་མི་ནང་ཁུལ་རྩོད་ནས་བསྡད་དེ་ལ་རྒྱབ་ཏུ་ཡོད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་གདོང་ལེན་བྱ་རྒྱུའི་ཐོག་སྣང་མེད་བཞག་ནས་བསྡད་ན་མགོན་པོ་གང་ཉིད་ཀྱི་བཀའ་རྩ་བ་ནས་འགྲུབ་ཀྱི་ཡོད་མ་རེད་ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་།


དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུལ་བྱུང་གི་མཛད་རྗེས་སྐོར་ལ་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་ཧ་ཅང་གི་རྒྱ་ཆེན་པོ་དང་། གཏིང་ཟབ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ང་ལྟ་བུ་ཞིག་གིས་ཇི་མ་ཇི་བཞིན་ཞུ་ཐུབ་ཀྱི་མ་རེད་ལ། དུས་ཚོད་ཀྱི་ཆ་ནས་ཀྱང་ཁག་པོ་རེད་འདུག ངས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་། ཆོས་ཕྱོགས། སྤྱི་ཚོགས་བཅས་གསུམ་དང་འབྲེལ་བའི་མཛད་འཕྲིན་མདོར་བསྡུས་ཙམ་ཞིག་རྣམ་པ་ཚོར་སྙན་གསན་ཞུས་ན་བསམ་བྱུང་། དང་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་མཆོག་སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པ། གངས་ཅན་བོད་མི་ཡོངས་ཀྱི་ལྷ་སྐལ། བོད་མི་སྤྱི་མཐུན་གྱི་བསོད་ནམས་དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་གཅིག་ཏུ་བསྡུས་ནས་ང་ཚོ་གངས་ཅན་པ་ཡོངས་ཀྱི་ལྷ་སྐལ་དུ་བྱོན་པ་དེ་ཧ་ཅང་གི་བསྐལ་པ་བཟང་པོ་ཞིག་དང་། ང་ཚོ་མགོན་པོ་གང་ཉིད་ཀྱི་ཞབས་འོག་ཏུ་གནས་ཐུབ་པ་དེར་ང་ཚོའི་ངོས་ནས་བསོད་ནམས་བསགས་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཟེར་བ་དེར་སྡེ་ཚན་འདྲ་པོ་ནང་ཆོས་ཀྱི་ཚན་རིག་དང་། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཞེས་སྡེ་ཚན་གསུམ་ལ་དབྱེ་བ་ཕྱེ་ནས་འཛམ་གླིང་སྟེང་འགྲེལ་བཤད་བསྐྱོན་པ་དང་། ཚན་རིག་པ་རྣམས་དང་བགྲོ་གླེང་གནང་བ་དེས་རྒྱལ་སྤྱིའི་སྟེང་ནང་ཆོས་ཐོག་དོ་སྣང་སླེབས་ཐུབ་ཡོད་པ་དང་། སྔོན་མ་ཡིན་ན། ནུབ་ཕྱོགས་པས་བོད་ཀྱི་ནང་ཆོས་ལ་བླ་མའི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་འདྲ་བེད་སྤྱོད་བཏང་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་འདྲའི་རྣམ་དཔྱོད་ཐོག་ནས་ནུབ་ཕྱོགས་པའི་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་སོགས་གནང་བའི་ཐོག་ནས་ནང་ཆོས་ཟེར་བ་དེ་རྒྱུ་མཚན་ཡོད་པ་ཞིག་ལ་བལྟ་ཐུབ་ཡོད་པ་མ་ཟད། དེང་སང་ནང་ཆོས་ཟེར་ཡོང་དུས་དཔལ་ན་ལེནྜ་ནས་བྱུང་བའི་ལྟ་གྲུབ་དང་རྒྱུ་མཚན་ཚད་ལྡན་ཡོད་པ་ཞིག་ངོས་འཛིན་ཡོང་ཐུབ་པ་དེ་དག་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་ནང་ཆོས་ཉམས་ལེན་གནང་ཕྱོགས་ལ། དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་སྡེ་ཚན་གཉིས་ལ་ཕྱེ་ཡི་ཡོད་པ་དང་། དེ་ཡང་སློབ་དཔོན་དབྱེག་གཉེན་གྱིས་ “སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པ་བྱེད་པ་ཁོ་ན་ཡིན།།” ཞེས་གསུངས་པ་ལྟར་༸གོང་ས་མཆོག་གིས་དུས་རྒྱུན་དུ་ནང་ཆོས་ལ་སློབ་སྦྱོང་གནང་དགོས་རེད་ཅེས་བཀའ་སློབ་ཕེབས་ཀྱི་ཡོད་རེད། ནང་ཆོས་ལ་སློབ་གཉེར་གནང་ན་དེའི་རྒྱུ་མཚན་ཤེས་པ་དང་། རྒྱུ་མཚན་ཤེས་སོང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་གནས་ཐུབ་རྒྱུར་ཕན་ཐོགས་ཡོད་རེད་ཅེས་བཀའ་སློབ་ཕེབས་པར་བརྟེན་ནས་བཙན་བྱོལ་ནང་དགེ་བཤེས་མ་ཐོན་ཐུབ་པ་སོགས་༸གོང་ས་མཆོག་གིས་བཀའ་སློབ་དང་། སྐུལ་ལྕག་གནང་བར་བརྟེན་ནས་བྱུང་བ་ཆགས་བསྡད་ཀྱི་ཡོད་རེད། སྤྱིར་བོད་ཀྱི་ལོ་རྒྱུས་ནང་དུས་རབས་བདུན་པར་ནང་ཆོས་དར་བ་ནས་བཟུང་སྐབས་དུས་སོ་སོར་ཉམས་ཆགས་མང་པོ་ཞིག་བྱུང་ཡོད་ཀྱང་། གང་ལྟར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཚགས་ཚུད་པ་ཞེ་དྲག་ཉར་ཚགས་ཐུབ་པ་བྱུང་ཡོད་རེད། དེ་བཞིན་བཙན་བྱོལ་ནང་ལོ་ངོ་ ༦༣ རིང་ནང་ཆོས་ཟེར་བ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛམ་གླིང་ཐོག་སྟོན་ཐུབ་པ་མ་ཟད། ནང་ཆོས་ཟེར་བ་དེ་རྒྱལ་སྤྱིའི་ནང་རིག་གཞུང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཐོབ་ཐུབ་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཡིན་དུས་ང་ཚོའི་ངོས་ནས་དེ་ཚོར་སློབ་སྦྱོང་བྱས་ནས་ནང་ཆོས་ཀྱི་སྙིང་པོ་ལེན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག


ཆབ་སྲིད་ཐོག་ལ་ཞུས་ན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱེད་འགོ་བཙུགས་པ་དང་། བོད་ཀྱི་ཆབ་སྲིད་ཉག་ཕྲ་བའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་གི་འགོ་ཁྲིད་རྣམས་དང་ལྷན་བཀའ་བསྡུར་གནང་བ་དང་། དེ་རྗེས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཕེབས་ནས་རྒྱ་གར་གྱི་འགོ་ཁྲིད་རྣམས་དང་ལྷན་བཀའ་བསྡུར་གནང་བའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ། བོད་ཟེར་བ་དེར་སོ་སོའི་ལོ་རྒྱུས་ཡོད་པ་དང་། རིག་གཞུང་ཡོད་པ། དེ་འདྲའི་གནས་སྟངས་ཐོག་ནས་འཛམ་གླིང་ནང་དོ་སྣང་སླེབས་ཐུབ་རྒྱུར་དགོངས་པ་བཞེས་ནས་བོད་ནང་ཆབ་སྲིད་སྐྱོང་ཕྱོགས་ཐད་སྔོན་མའི་ལམ་ལུགས་ལ་བསྒྱུར་བ་བཏང་སྟེ་ལེགས་བཅོས་ཚོགས་ཆུང་བཙུགས་པ་སོགས་དེ་སྔའི་ཆབ་སྲིད་དང་འཛིན་སྐྱོང་གནང་ཕྱོགས་ལ་བསྐྱར་བཅོས་གནང་རྒྱུའི་དགོངས་པ་མང་པོ་ཞིག་བྱུང་བ་རེད། སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱེད་འགོ་བཙུགས་ཟིན་པ་དང་། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་༸གོང་ས་མཆོག་གི་སྐུ་ཕྱྭར་བཟློ་བའི་ངན་བྱུས་བཤམས་པ་དང་། དེ་བཞིན་བོད་མི་ཚོས་ཞི་བའི་སྒེར་ལངས་གནང་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ནང་ཕེབས་དགོས་བྱུང་བ་དང་། བཙན་བྱོལ་ནང་ཞབས་སོར་འཁོད་རྗེས། ཕྱི་ལོ་ ༡༩༦༠ ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་པ་དང་། ཚང་མས་དུས་དེ་ནས་བཟུང་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་བྱེད་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་སྩལ་གནང་བ་དེ་བཞིན་རླབས་ཆེན་གྱི་དགོངས་གཞི་ཞིག་ཆགས་བསྡད་ཡོད་རེད། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་དང་། ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་བཅས་རིམ་པ་འདྲ་པོ་གསུམ་གྱི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཐོག་བསྒྱུར་བ་མང་པོ་ཞིག་བཏང་ཡོད་རེད། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ། གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་། བོད་མིའི་སྒྲིག་འཛུགས་དེ་བཞིན་ཁྲིམས་དང་། སྒྲིག་གཞིའི་དབང་བསྒྱུར་ཐོག་ནས་འགྲོ་ཐུབ་ཀྱི་ཡོད་རེད། ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་བ་དང་། སྐབས་དེ་དུས་༸སྐྱབས་མགོན་རིན་པོ་ཆེས་ཕྱེད་བགྲེས་ཡོལ་ཡིན་ཞེས་གསུངས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་། འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཁག་ལ་རྩིས་སྤྲོད་གནང་བ་དེ་ནི། ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་བྱུང་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་འགྲོ་བཞིན་ཡོད་པ་དང་། མང་གཙོའི་ལམ་ལུགས་ནས་དབུ་ཁྲིད་སུ་ཕེབས་པ་ཡིན་ནའང་དེ་ལ་བརྩི་བཀུར་ཞུས་ནས་དེའི་འོག་ཤར་བསྐྱོད་ཞུ་ཐུབ་དགོས་པ་དེ་མང་ཚོགས་ཀྱི་ལས་འགན་ཆགས་ཀྱི་ཡོད་རེད། དེ་དག་ཆ་ཚང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད།

ད་ཆ་བོད་རྒྱའི་གནས་སྟངས་དེ་ཧ་ཅང་ཉག་ཕྲ་བ་ཞིག་ཆགས་བསྡད་ཡོད་རེད། ང་ཚོ་མི་རིགས་གཅིག་གི་འཐབ་རྩོད་ཐོག་ནས་བསམ་བློ་བཏང་བ་ཡིན་ན། དུས་ཚོད་དེ་མང་པོ་ཞིག་མ་རེད། གང་ཟག་གཅིག་གི་མི་ཚེ་ལ་བསམ་བློ་གཏོང་ན་མི་ཚེ་ཕྱེད་ལྷག་རྫོགས་ཟིན་པ་རེད། བཙན་བྱོལ་ནང་སླེབས་ནས་ལོ་ ༦༣ འགྲོ་ཡི་ཡོད་རེད། བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་བལྟས་པ་ཡིན་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པ་སོགས་ཧ་ཅང་གི་དཀའ་ངལ་ཆེན་པོའི་འོག་གནས་བསྡད་ཡོད་པ་དང་། ང་ཚོས་བོད་ནང་གི་བོད་མི་རྣམས་དཀའ་ངལ་ལས་བསྐྱབ་རྒྱུའི་ཐབས་ཤེས་གཏོང་དགོས་པ་དང་། དེ་བཞིན་མ་འོངས་པར་ཕུགས་རྒྱང་རིང་པོར་ང་ཚོ་བོད་ཆོལ་ཁ་གསུམ་མཉམ་དུ་གནས་ཐུབ་རྒྱུའི་ཐོག་ལའང་དགོངས་པ་བཞེས་དགོས་པ། དེ་འདྲའི་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་༸སྐྱབས་མགོན་རིན་པོ་ཆེས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་དང་། མཐའ་མར་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་ལ་ཕབ་རྗེས། ང་ཚོ་འདིའི་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེར་རྒྱུ་མཚན་ཡོད་མེད་མཐོང་མ་མཐོང་ཟེར་བ་དེ་ང་ཚོར་དྲི་བ་ཞིག་ཆགས་བསྡད་ཡོད་རེད། གང་ལྟར་ཉིན་གཅིག་རྒྱ་ནག་གཞུང་གིས་དེའི་ཐོག་བསམ་བློ་ཏན་ཏན་གཏོང་དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུག ད་ལྟའི་དུས་རབས་ཉེར་གཅིག་ནང་མི་གཅིག་དབང་འཛིན་དེ་བཞིན་ཡུན་རིང་པོར་གནས་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད། རིམ་པས་རིམ་པས་འགྱུར་བ་འགྲོ་ཡི་རེད། ང་ཚོ་བོད་དོན་ཐོག་ལ་༸སྐྱབས་མགོན་རིན་པོ་ཆེས་རེ་བ་ཡོད་པ་ཞིག་དང་། རེ་བ་བཅངས་པ་དེ་བཞིན་བསྒྲུབ་ཀྱི་རེད་བསམ་པའི་སེམས་ལ་གདེང་ཚོད་འདྲ་པོ་ཞིག་ཏན་ཏན་བསྐྲུན་ཐུབ་ཡོད་རེད་བསམ་གྱི་འདུག དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། བཅའ་ཁྲིམས་ཀྱི་སྔོན་གླེང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ངོ་བོ་དང་། དེའི་གཅིག་སྒྲིལ་གྱི་མཚོན་རྟགས་ཡིན་ཞེས་བཀོད་ཡོད་པ་ལྟར། མགོན་པོ་གང་ཉིད་མཆོག་ནི་བོད་མིའི་ངོ་བོ་དང་། དེའི་གཅིག་སྒྲིལ་གྱི་མཚོན་རྟགས་ཁོ་ན་ཆགས་ཡོད་པ་མ་གཏོགས་གཞན་ཞིག་ཡོད་མ་རེད། དེ་ཚོའི་གྲས་ང་ཚོས་དུས་རྒྱུན་དུ་ནས་ཚང་མས་བསམ་བློའི་ནང་བཅངས་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་ཐུབ་པ་དང་། དེ་བཞིན་རྒྱ་ནག་ནང་ནས་ཀྱང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་། དོ་སྣང་སླེབས་ཐུབ་པ། བོད་ཆོལ་ཁ་གསུམ་མཉམ་གཤིབ་མཉམ་སྡུག་གནས་ཐུབ་པ་དེ་དག་ཚང་མ་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་རེད་ཅེས་དང་། སྤྱི་ཚོགས་དང་འབྲེལ་བའི་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་སྐོར་སོགས་གསུངས་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་རྗེས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་བརྒྱུད་བྱང་ཨ་རིའི་མདོ་སྨད་ཚོགས་པའི་ངོས་ནས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་༸རྒྱལ་བའི་དགོངས་པ་གཞིར་བཟུང་བོད་བསྟན་སྲིད་རིག་གཞུང་དང་བཅས་པར་བཀའ་དྲིན་བསྐྱངས་གནང་མཛད་པར་ཆེ་བསྟོད་གསེར་གྱི་གཟེངས་རྟགས་འབུལ་གནང་བ་དང་། དེ་བཞིན་མཛད་སྒོའི་ཐོག་བྱང་ཨ་རིའི་མདོ་སྨད་ཟློས་གར་ཚོགས་པ་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་ཡོད་པ་བཅས། །