༄༅། །དེ་རིང་བོད་རྒྱལ་ལོ་ ༢༡༤༧ རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ཟླ་ ༥ ཚེས་ ༡༦ དང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་མོར། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་སྡོམ་བརྩོན་ངུར་སྨྲིག་འཛིན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་འབངས་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད་དང་བླང་དོར་ལམ་སྟོན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག བོད་ལུགས་ལྟར་ན་དགུང་གྲངས་ ༨༦ དང་། ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ཧྲིལ་པོ་བཞེས་པའི་བཀྲ་ཤིས་རྫོགས་ལྡན་གྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་མི་ཕྱེད་དད་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། མགོན་པོ་གང་ཉིད་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་གསུང་གི་བདུད་རྩི་དབྱར་གྱི་ཆུ་བོའི་རྒྱུན་བཞིན་དུས་རྟག་ཏུ་སྩོལ་གནང་བཀའ་དྲིན་ཆེ་བ་བདག་ཅག་རྣམས་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་ཡིན།
དེ་རིང་སླར་ཡང་ང་ཚོར་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་པར་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། མགོན་པོ་གང་གི་༸སྐུ་ཚེའི་རླབས་ཆེན་གྱི་མཛད་འཕྲིན་རྣམས་བརྗོད་ཀྱིས་མི་ལང་ཡང་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་བཟུང་ནས་འདིར་རགས་ཙམ་ཞུས་ན།གང་ཉིད་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་བ་ ༥ ཚེས་ ༥ དང་། ཕྱི་ལོ་༡༩༣༥ཟླ་༧ཚེས་༦ཉིན་བོད་ལྗོངས་ཀྱི་མངའ་ཁུལ་མདོ་སྨད་སྐུ་འབུམ་སྟག་འཚེར་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་ཤིང་། དགུང་གྲངས་ ༢ ལ་ཕེབས་སྐབས་༸རྒྱལ་དབང་གོང་མའི་ཐུགས་བསྐྱེད་ནུས་མཐུའི་ལྷ་བླའི་བཀའ་ལུང་བཞིན་ཡང་སྤྲུལ་འཁྲུལ་བྲལ་དུ་ངོས་འཛིན་དང་ཕྱི་ལོ་ ༡༩༣༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས། བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ དང་ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ་བཀྲ་ཤིས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་གསན་བསམ་སློབ་གཉེར་དམ་པའི་རྣམ་ཐར་བདག་གིར་བསྐྱངས་གནང་། ཕྱོགས་མཚུངས་སྐུ་ངལ་ཁྱད་བསད་ཀྱིས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་གཞུང་ལུགས་མཐའ་དག་ལ་གསན་བསམ་སློབ་གཉེར་མཐར་སོན་གྱི་དན་རྟགས་སུ་གདན་ས་ཆེན་པོ་གསུམ་དང་། ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་དང་འབྲེལ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་གངས་ཅན་མཁས་པ་ཀུན་གྱི་གཙུག་རྒྱན་དུ་གྱུར།
ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ས་མཚམས་ནས་རྒྱ་དམར་གྱིས་བཙན་འཛུལ་དཔུང་འཇུག་བྱ་མགོ་བཙུགས་ཏེ། བོད་ཀྱི་ཆབ་སྲིད་གནས་སྟངས་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཐ་ཞན་དུ་གྱུར་ཏེ། གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་བསྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ལས་གཞན་སུ་ལ་ཡང་མ་མཆིས་པ་མངོན་གསལ་དུ་གྱུར་པ་ན།བོད་ལྗོངས་ལྷ་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན།སྐབས་དེར་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་། རྒྱལ་དབང་གོང་མ་ན་རིམ་གྱི་མཛད་པ་འཕྲོ་སྐྱོང་གི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ཕན་བདེའི་རྩ་བ་ལུགས་གཉིས་ཁྲིམས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་སུ་མངའ་དབང་མཛད་དེ། བོད་ཆོལ་ཁ་གསུམ་གྱི་ཁྱོན་མཐའ་དག་ལ་བཙན་བརྗིད་གསེར་གྱི་བཀའ་ལུང་ལྷག་གེར་ཕབ་པ་ནས་བཟུང་། བོད་སྡོད་རྒྱ་དམར་གྱི་ཞི་དྲག་འགོ་ལས་ཡོངས་ལ་ཐབས་མཁས་འཕྲུལ་མཛངས་ཐུགས་རྗེའི་གཟིགས་པ་ཆེན་པོས་འབྲེལ་ལམ་དང་། རྒྱ་གཞུང་གིས་གདུག་རྩུབ་དྲག་སྤྱོད་ལ་དགོངས་ཡངས་བཟོད་བསྲན། འཚེ་མེད་ཞི་བའི་ཐབས་ཚུལ་འབའ་ཞིག་ལྷུར་བཞེས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་རྒྱ་དམར་རང་ལ་མེས་འཚིགས་མེར་གཏུགས་ཀྱི་འབྲེལ་ལམ་གནང་འབྲས་སུ་ལོ་ངོ་དགུའི་རིང་བོད་མི་རྣམས་མི་གསོད་ཁྲག་སྦྱོར་ལས་སྐྱོབ་ཐབས་མཛད།
འོན་ཀྱང་རྒྱ་ནག་གཞུང་གིས་ངན་ཇུས་དང་དམག་སྐུལ། ལྐོག་གཡོ་སོགས་ཟམ་མི་ཆད་པའི་ཐོག་རྒྱལ་བའི་སྐུ་ཕྱྭར་བསྡོ་བའི་ངན་ཇུས་བསྟུད་མར་བརྩམས་པ་བཅས་ལ་བརྟེན། བོད་འབངས་རྣམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭར་རྒྱ་མིས་ཉེན་ཁ་བཟོ་བའི་གཡོ་སྒྱུ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་དགོས་བྱུང་། དེ་རྗེས་གནས་སྟངས་ཆེས་ཛ་དྲག་དང་ཉེན་ཚབས་ཆེ་བར་གྱུར་སྟབས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་༸གོང་ས་མཆོག་ནོར་གླིང་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་འཕགས་པའི་ཡུལ་གྱི་ས་ཐོག་ཏུ་༸ཞབས་སོར་བདེ་བར་འཁོད་སྐབས་མགོན་པོ་མཆོག་དགུང་གྲངས་ ༢༤ ལས་སོན་མེད་ཀྱང་ཇི་ལྟར་ཕ་མས་བུ་ཕྲུག་སྐྱོང་བ་བཞིན། རིང་པོར་མི་ཐོགས་པར་གང་ལ་རེ་བའི་མིག་འབུར་གཏད་དེ་ཕེབས་ཞབས་སུ་བསྙེགས་པའི་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་དབྱུང་ཞིང་། ཟས་གོས་གནས་མལ་གྱིས་མི་ཕོངས་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པར་རང་རང་སོ་སོའི་བཀའ་སྲོལ་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་ཀྱི་བསྟི་གནས་ཁག་དང་། ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་བདེ་རྩར་དམིགས་ཏེ་མགོན་པོ་གང་གི་ཡང་དག་པའི་དབུ་འཁྲིད་འོག་མང་གཙོའི་གཞུང་གི་སྒྲིག་འཛུགས་ཤིག་གི་འོག་གཞིས་ཆགས་ཁག་དང་། ཤེས་ཡོན་གྱི་བསྟི་གནས་ཁགལག་ཤེས་བཟོ་གྲྭ་ཁགཚོང་འཁོས་འདུ་འགོད་སོགས་ཆེད་འཛུགས་གནང་སྟེ་རྩ་ཆེའི་རང་རེའི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་བཟང་པོ་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་མཛད་བཟང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་སྐྱོང་བར་མཛད།
བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཕྱི་ལོ་ ༡༩༧༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མི་གནང་རྒྱུའི་ནང་དོན་སྲིད་བྱུས་རོབ་ཙམ་གཏན་འཁེལ་མཛད་པ་དང་། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་དམར་གྱི་དབུ་འཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་ཕུད་དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་ཅེས་གྲོས་མགོ་བཏོན་པ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་སྔ་རྗེས་བཏང་གནང་མཛད། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ཡང་དག་སྲིད་བྱུས་ཤིག་ཏུ་གྱུར་བར། འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་གང་ལེགས་འཐོབ་བཞིན་པ་མ་ཟད། རྒྱ་ནག་ནང་གི་ཤེས་ཡོན་ཅན་གྱི་མི་སྣ་མང་པོས་དགའ་མོས་རྒྱབ་སྐྱོར་ཐོབ་དང་འཐོབ་བཞིན་ཡོད་པ་སོགས་ནི་མགོན་པོ་གང་ཉིད་ཀྱིས་དེང་གི་དངོས་ཡོད་གནས་སྟངས་དང་བསྟུན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་པ་གཙོར་བཟུང་གནང་བའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེའི་ནུས་སྟོབས་གཞི་རྩར་བཟུང་ནས་འགྲོ་བ་མིའི་ལྷན་སྐྱེས་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་མཛད་ཐོག་ཁོར་ཡུག་སྲུང་སྐྱོབ་དང་།ཆོ ས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེར་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་འཛམ་གླིང་རྒྱལ་ཁབ་མང་པོས་ངོས་འཛིན་ཐོབ་སྟེ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ༢༠༡༢ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊོན་བཅས་ཀྱིས་མཚོན་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་དང་། ཆེས་མཐོའི་ཕྱག་འཁྱེར་དང་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་མཛད་གནང་ཡོད།
༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་ནས་བཟུང་ད་ལྟའི་བར་གཞི་རྩའི་མཛད་པ་འཕྲིན་ལས་མང་དག་ཅིག་ཡོད་པའི་ནང་ནས་སྐུའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་སྟེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་འབྲེལ།བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་བཅས་ཀྱི་ཐོག་ལ་དམིགས་བསལ་ཐུགས་ཁུར་ཆེ་བཞེས་ཀྱིས་བཀའ་སློབ་ལམ་སྟོན་རབས་དང་རིམ་པ་ཕེབས་བཞིན་པར་འཛམ་གླིང་མི་མང་ཕལ་མོ་ཆེས་དོ་སྣང་ཆེན་པོ་གནང་གི་ཡོད་པ་ལྟར། བོད་མི་རྩམ་གཟན་ཡོངས་ནས་ངེས་པར་དུ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞིར་སློབ་སྦྱོང་གནང་སྟེ་ཕྱར་བ་གྲུ་འདེགས་ཀྱི་དབུ་འོག་དཔུང་འདེགས་ཞུ་རྒྱུ་དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་དགེ་བའི་རྩ་བར་སོང་ང་ཚོས་གང་ཐུབ་འབད་བརྩོན་ཞུ་དགོས།
མགོན་པོ་མཆོག་གི་ཆོས་སྲིད་ཀྱི་རླབས་ཆེན་མཛད་འཕྲིན་མཐའ་ཡས་པའི་བཀའ་དྲིན་རྣམས་བདག་ཅག་བོད་མི་ཡོངས་ཀྱིས་དུས་ནམ་ཡང་གཞལ་ཐབས་མེད་པ་ཞིག་ཡིན།བོད་གངས་ཅན་གྱི་ལྷ་སྐལ་ཁོང་དང་ཁོང་གི་མཛད་པ་འཕྲིན་ལས་དག་དྲན་གསོ་དང་། བླང་དོར་བཀའ་སློབ་ལམ་སྟོན་ལ་བརྩི་འཇོག་དང་རྗེས་སུ་སློབ་རྒྱུ་ནི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དགོས་དོན་གྱི་སྙིང་པོ་ཡིན་པ་ལྟར། གལ་གནད་ཆེ་བའི་ཉིན་མོ་འདིར་མཉམ་ཞུགས་གནང་མཁན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་རིགས་ཡོངས་དང་། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་ཀུན་ཁྱབ་མཛད་འཕྲིན་དང་། གལ་ཆེའི་བླང་དོར་བཀའ་སློབ་རིམ་ཕེབས་ཁོངས་ནས་ད་ལྟ་ལུང་འདྲེན་བྱེད་འདོད་པ་ཁག་གཉིས་ཏེ་”ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་དེ་འདྲ་ནམ་ཡང་བྱ་རྒྱུ་མེད། གལ་ཏེ་ང་ལ་གྲོགས་པོའི་འདུ་ཤེས་ཏོག་ཙམ་ཡོད་པ་ཡིན་ན་ངའི་ཁ་ལ་ཉོན་དགོས།”ཞེས་དང་། ཡང་”ང་ལ་འཁྲུངས་སྐར་ཀྱི་ལེགས་སྐྱེས་ཡག་ཤོས་དེ་ཁྱེད་ཚོས་བསམ་པ་བཟང་པོ་བྱ་རྒྱུ་དེ་ཡིན།”ཞེས་ང་ཚོའི་སྤྱི་བོའི་རྒྱན་དུ་ཡང་ཡང་ཕེབས་བཞིན་པའི་གསུང་གི་བདུད་རྩི་དེ་དག་གི་ཐོག་ལ་ཤར་བསྐྱོད་བྱ་རྒྱུའི་དམ་བཅའ་དྲན་གསོ་དང་སྒྲུབ་པ་ཉམས་ལེན་བྱ་རྒྱུ་ནི་སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་མིང་དོན་མཚུངས་ཤོས་ཡིན་པ་གདོན་མི་ཟ་བས་དེ་དོན་ཚང་མས་ལག་ལེན་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
དེ་རིང་གོ་སྐབས་འདི་བརྒྱུད་ནས་གཞན་གནད་དོན་ཁག་ཅིག་ཞུ་འདོད་པ་ནི། རིང་མིན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ཉེར་ཡོད་པའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ། སྒེར་ནད་སྤྱི་སྤུངས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི།དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་བ་བརྩམ་མི་རུང་བས་ཚང་མས་བླང་དོར་འགལ་འཛོལ་མེད་པ་དགོས་གལ་མ་ཟད། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོའི་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་། ཆོལ་གསུམ་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་གོང་བུའི་ནུས་པ་ངོམས་སུ་ཆོག་པ་ཞིག་ཡོད་པ་དེ་དཀྲུག་གཏོར་གཏོང་རྒྱུར་དམིགས་ཏེ་ཆེད་གཉེར་ལས་འགན་ཡོད་མཁན་ཉུང་ཤས་ཡོད་པ་དེ་དག་ལ་ཁ་གཏད་གཅོག་རྒྱུ་དང་། དེ་རིགས་ཀྱི་ལྷན་དུ་བསམ་མེད་བོད་མི་འགའ་ཤས་མགོ་སྐོར་སླུ་བྲིད་འོག་སྐབས་རེར་ཚུད་ཉེན་ཆེ་བས་དོགས་ཟོན་ཆེ་བསྐྱེད་ཀྱིས་ཡིད་གཟབ་བྱ་རྒྱུ་ཚང་མར་འོས་འགན་ཡོད།
སྔ་ལོའི་ཕྱི་ཟླ་ ༡༢ ཟླ་མཇུག་ཙམ་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་སོང་སྟེ་ད་ལྟ་ཟླ་ངོ་བདུན་ལྷག་འགྲོ་བཞིན་པའི་དུས་ཡུན་རིང་པོ་དེའི་རིང་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་མི་རྒྱུ་གཉིས་ཀྱི་དཀའ་ངལ་མང་དག་ཅིག་ཕྲད་དང་འཕྲད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བློ་འཚབ་ཆེན་པོས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ནད་ཡམས་ཀྱིས་སྒོ་རྒྱ་བསྡམས་པའི་དུས་ཡུན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་ཁག་བཅས་ནས་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་རྣམས་ལ་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱ་སྟངས་སོགས་ཀྱི་སྐོར་དྲྭ་ལམ་བརྒྱུད་ནས་བཀའ་དབང་གསུང་ཆོས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ ཉིན་རྒྱ་ནག་ལ་གདོང་ལེན་བྱ་ཆེད་ཨོ་སི་ཀྲི་ལི་ཡ་དང་། ཨ་རི། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་གཙོས་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ IPAC (Inter-Parliamentary Alliance on China) ཞེས་གསར་འཛུགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཚོགས་པ་དེའི་བརྒྱུད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་དང་། བོད་མིས་གཙོས་གྲངས་ཉུང་མི་རིགས་ལ་དྲག་གནོན་དབང་སྒྱུར་བྱེད་བཞིན་པ་བཅས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་སྤྲད་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་དགོན་སྡེ་གྲྭ་ཚང་ཁག་དང་། སྤྱི་སྒེར་ཚོགས་སྡེ་ཁགདེ་བཞིན་མི་མང་བཅས་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་ཏོག་དབྱིབས་གཉན་རིམས་རྗེས་འབྲེལ་གྱི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་དངུལ་དངོས་ཞལ་འདེབས་ཀྱིས་མཚོན་སྐམ་ཟས་དང་རང་སྲུང་ཡོ་བྱད་བགོ་འགྲེམས་སོགས་ཀྱི་རོགས་འདེགས་གང་ཐུབ་ཞུས་དང་ཞུ་བཞིན་པར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་སོ་སོའི་གནས་ཡུལ་གང་སར་ནད་ཡམས་ཁྱབ་གདལ་མི་འབྱུང་ཆེད་སྤྱི་སྒེར་ཚང་མས་སྔོན་འགོག་གི་ཐབས་ཤེས་གང་ཐུབ་གནང་གལ།
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྐང་སྤོལ་བ་ཟུར་པ་ཧོ་ཧེ་ཏུང་དང་ཕྱུག་བདག་ཀོ་ཝིན་ཀུའི་སོགས་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གཙོས་པའི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་བཏང་བ་སོགས་ཚད་ལས་བརྒལ་བའི་བྱས་ཉེས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། དྲུག་བཞིའི་དུས་དྲན་ཉིན་མོར་རྒྱ་ནག་གསར་པ་ཞེས་པ་མགོ་བཙུགས་ཏེ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ་ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་ཞེས་པའི་ནང་བོད་རྒྱལ་ཁབ་ཆེན་པོའི་མིང་བཙན་གྱིས་བཅུག་པ་དང་། ཁོ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གུས་པའི་ཚིག་བེད་སྤྱོད་བྱས་པ་དང་། བཙན་བྱོལ་བོད་མིར་ངན་སྨྲས་མང་དག་བྱས་པ་བཅས་རྩ་བ་ནས་འགྲིག་ཐབས་མེད་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མོས་མཐུན་རྩ་བ་ནས་མེད་ཅེས་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད།བོད་ཀྱི་གནད་དོན་ཆེ་ཆུང་ཇི་འདྲ་ཞིག་གི་ཐོག་ཐག་གཅོད་བྱ་དགོས་བྱུང་ཚེ་དེའི་འགན་དབང་ཆ་ཚང་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁོ་ནར་ཡོད།དེར་གོ་བསྡུར་གང་ཡང་མེད་པར་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་བཅས་སུས་ཀྱང་བོད་དོན་དང་འབྲེལ་བའི་ཐག་གཅོད་རིགས་མི་ཆོག
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་ (Scott Perry) ལགས་ཀྱིས་གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་དགོས་སྐོར་གྱི་ཁྲིམས་འཆར་བཏོན་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།འོན་ཀྱང་བོད་ཅེས་པ་དེ་བོད་ཆོལ་ཁ་གསུམ་ཡོངས་སུ་ཚུད་པ་ཞིག་ལ་གོ་དགོས་པ་ལས་རང་སྐྱོང་ལྗོངས་གཅིག་པུས་བོད་རྒྱལ་ཁབ་ཆ་ཚང་མཚོན་མི་ཐུབ།དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཏུ་བོད་ཆོལ་ཁ་གསུམ་ཞེས་བསྒྱུར་བཅོས་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ནས་བཟུང་སྟེ་རྒྱ་གར་གྱི་ས་མཚམས་གང་སར་རྒྱ་དམར་དཔུང་དམག་གིས་བཙན་འཛུལ་བྱེད་ཐབས་བྱས་པ་དང་། ཉེ་ཆར་ལ་དྭགས་ས་མཚམས་རྙོག་གླེང་རྐྱེན་པས་གྷལ་ཝན་ (Galwan) གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕན་ཚུན་གདོང་གཏུགས་འཐབ་རེས་བྱུང་སྐབས་རྒྱ་གར་གྱི་དམག་མི་ ༢༠ འདས་གྲོངས་སུ་ཕྱིན་པ་དང་གཞན་ཁག་ཅིག་ལ་རྨས་སྐྱོན་ཕོག་པ་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
རང་རིགས་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ ལྷག་འགྲོ་བཞིན་པའི་སྐབས་འདིར་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་མང་པོ་ཞིག་གིས་ང་ཚོར་སྐྱབས་བཅོལ་གྱི་གནས་བབ་དགོངས་བཞེས་ཀྱིས་ཕན་གྲོགས་རྒྱ་གང་ཆེ་གནང་དང་གནང་བཞིན་པར་བརྟེན།རྒྱལ་ཁབ་དེ་དག་གི་གཞུང་མང་གཉིས་དང་། དེ་མཚུངས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་། ཚོགས་པ་ཁག་དང་མི་སྒེར་བཅས་ཚང་མར་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ལ།།