༄༅། །དེ་རིང་བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་བཅུ་བདུན་པའི་རབ་གནས་ས་ཁྱི་ལོའི་ཟླ་ ༥ ཚེས་ ༢༣ དང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་མོ་འདིར། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླང་དོར་ལམ་སྟོན་པ། བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དད་གུས་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་ཁ་བ་རི་པའི་གདུལ་བྱ་རྣམས་དང་ལས་སྨོན་གྱི་འབྲེལ་བས་བསམ་བཞིན་སྲིད་པ་བཟུང་བར་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་རྣམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་བཀའ་ལུང་བཞིན། ངོ་མཚར་རྨད་དུ་བྱུང་བའི་དན་རྟགས་ཀྱི་སྣང་བ་འགོག་མེད་དུ་ཤར་ཏེ། མཐོང་གྲོལ་གཟུགས་སྐུའི་མཚན་དཔེ་རྟ་བདུན་དབང་པོའི་དཀྱིལ་འཁོར་མངོན་པར་ཤར་བ་ནས་ད་ཆ་རང་ལུགས་དགུང་གྲངས་ ༨༤ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་དགའ་བ་འབུམ་ལྡན་བཀྲ་ཤིས་པའི་ཉིན་མོར། འཛམ་གླིང་ས་ཕྱོགས་གང་སར་སྤྲོ་སེམས་འཁོལ་བའི་ངང་རྣམ་དཀར་བསོད་ནམས་གསོག་སྒྲུབ་ལ་བྲེལ་བའི་སྐབས་འདིར། ཕྲན་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་གང་གི་༸ཞབས་པད་མི་འགྱུར་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མུ་མཐའ་མེད་པའི་སྐྱེ་འགྲོ་རྣམས་ལ་མགོན་སྐྱབས་དང་། དཔུང་གཉེན། བླང་དོར་ལམ་སྟོན་གྱི་སྒྲོན་མེ་ཆེན་པོར་བཞུགས་ཏེ། མཛད་འཕྲིན་འཇིག་རྟེན་ཀུན་ལ་དར་ཁྱབ་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིའི་གཙོས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་ངང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཡོངས་གྲགས་མཛད་འགན་གསུམ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་གཙོས་པའི་འཛམ་གླིང་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་རྣམས་ནི། ཡ་རབས་བཟང་སྤྱོད་དང་། བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད།
འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་། འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་རིས་སུ་མ་ཆད་པའི་ཆོས་ལུགས་དང་། ལྷག་པར་ཁ་བ་གངས་ཅན་པ་གཞིས་བྱེས་ཡོངས་ཀྱི་ཆེད། རླབས་ཆེན་དམིགས་བསལ་མཛད་འགན་ཆེར་བཞེས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་བཟང་ཕྱོགས་ཐམས་ཅད་ནས་ཀློང་དུ་བརྡོལ་བས། ངེས་པ་དོན་གྱིས་འཇིག་རྟེན་གྱི་ཕན་བདེ་འབྱུང་བའི་སྒོ་གཅིག་པུར་གྱུར་བ་དང་། ལྷག་པར་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་གནས་སླར་གསོ་ཡོང་ཐབས་ཀྱིས་སྒྲིག་འཛུགས་ཀྱི་བྱེད་སྒོ་ཡོངས་རྫོགས་མང་གཙོའི་ལམ་དུ་སྣེ་འཁྲིད་ལམ་སྟོན་མཛད་ཅིང་། ཡང་སྒོས་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྩ་དོན་འགྲིག་འཇགས་ཡོང་ཐབས་སུ་ཨ་རིའི་གྲོས་ཚོགས་ནང་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། དེའི་རྗེས་འབྲེལ་ཕྱི་ལོ་ ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་གྲོས་འཆར་བཏོན་གནང་བ། དེ་བཞིན་བོད་ཀྱི་ཁོར་ཡུག་དང་། བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་མཇལ་འཕྲད་བཀའ་བསྡུར་རིམ་པ་གནང་འབྲས་འཛམ་གླིང་ཤར་ནུབ་སོགས་ཡུལ་གྲུ་མང་པོའི་གཞུང་དང་། སྒེར། སྤྱི་ཚོགས་བཅས་ནས་བོད་ཀྱི་བདེན་དོན་ལ་ཐུགས་ཁུར་དང་། དོ་སྣང་སྔར་བྱུང་མ་མྱོང་བའི་བཀྲ་ཤིས་སྒོ་རྒྱ་ཡངས་པོར་ཕྱེས་པ་དང་། བོད་མིའི་རྩ་དོན་རྩོད་ཕྱོགས་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བཀྲི་བའི་རླབས་ཆེན་མཛད་བཟང་ཉི་ཤར་སྦར་མོས་མི་ཁེབས་པའི་གནས་ཚུལ་མངོན་དུ་གྱུར་བར་བརྟེན། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་(Nobel Peace Prize)དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་(Congressional Gold Medal)གསེར་གྱི་གཟེངས་རྟགས། ཕྱི་ལོ་ ༢༠༡༢ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊེན་(John Templeton)ཞེས་པའི་སྙན་གྲགས་ཅན་གྱི་གཟེངས་རྟགས་ཀྱིས་མཚོན། ཆེས་མཐོའི་ཕྱག་འཁྱེར་དང་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་དང་། འཛམ་གླིང་གི་འགྱུར་འགྲོས་དང་མཐུན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད། ལྷག་པར་རྒྱ་གཞུང་མཉམ་བོད་རྒྱའི་གནའ་རབས་ལོ་རྒྱུས་ཀྱི་གནས་བབ་རྩོད་ལེན་མེད་པར། བོད་རྒྱ་གཉིས་ཕན་ཆེད་ཕྱོགས་གཉིས་དབར་གྲོལ་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ལ་དགོངས་རྒྱ་ཆེ་བཞེས་གནང་སྟེ་དགོངས་ཚུལ་གསལ་བཤད་རིམ་པར་གནང་ཡོད།
འོན་ཀྱང་དེང་གི་ཆར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་ཚབ་ཏུ། བོད་ཀྱི་ས་ཕྱོགས་གང་སར་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། དཔེར་ན་ཉེ་ཆར་ས་ག་ཟླ་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཆབ་མདོར་སློབ་གྲྭར་འགྲོ་བཞིན་པའི་བུ་ཕྲུག་དང་དེ་ཚོའི་ཕ་མ་རྣམས་དགོན་པར་ཆོས་མཇལ་དང་། ཆོས་ཕྱོགས་ལ་མཉམ་ཞུགས་མི་ཆོག་པའི་བཙན་བཀའ་བཏང་བ་ནས། ཆོས་དད་རང་དབང་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པ་ཤེས་རྟོགས་ཐུབ། ཉེ་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། བོད་ནང་ཆོས་དད་རང་དབང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་གསལ་བཏོན་གནང་བ་མ་ཟད་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ལ་རྒྱ་གཞུང་གིས་སྟངས་འཛིན་བྱས་པ་སོགས་བོད་མི་ཚོའི་སེམས་ཁམས་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ནན་བརྗོད་ཀྱང་གནང་འདུག
དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་བྱས་པ་དང་། འདི་ལོའི་ཟླ་ ༡ པོའི་ནང་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཁྲིམས་བཤེར་དང་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། རྒྱ་གཞུང་གི་ཉེས་ཆད་བཙོན་འཇུག་གི་ཐག་བཅད་དེ་དྲང་བདེན་མ་བྱུང་བ་དང་། གཞི་རིམ་མི་མང་གི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་དང་། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་ཆུང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སོགས་ནས་སྐྱོན་བརྗོད་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་གང་མགྱོགས་གློད་བཀྲོལ་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཁྲིམས་མཐུན་མིན་པའི་ཐོག་བོད་མི་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་པ། ཆབ་སྲིད་ཀྱི་ཉེས་མིང་འགེལ་ཏེ་བཙོན་འཇུག་ཁྲིམས་ཐག་གང་བྱུང་བཅད་པ། སྨྲ་བརྗོད་རང་དབང་མེད་པ། དེ་བཞིན་འཕྲོད་བསྟེན་དང་སྨན་བཅོས་ཀྱི་མཐུན་འགྱུར་ཞན་ཅིང་། རྒྱ་རིགས་དང་བོད་རིགས་དབར་དབྱེ་འབྱེད་ཀྱིས་འཆར་གཞི་ལྡན་པའི་སྲིད་བྱུས་བཟུང་སྟེ། བོད་མིར་དམིགས་བསལ་དམ་དྲག་གིས་བོད་ཀྱི་ཐུན་མིན་ཆོས་དང་། སྐད་ཡིག རིག་གཞུང་། གོམས་གཤིས་རྣམས་རིམ་པས་རྩ་བརླག་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད། སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༨ པ་ལོ་འདི་ཡི་ཟླ་ ༦ ཚེས་ ༡༨ ཉིན་འགོ་འཛུགས་ཀྱིས་ལྷན་ཚོགས་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ Prince Zeid Raad Zeid al-Hussein མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་མ་ཟད་འདས་པའི་ལོ་ལྔའི་ནང་བོད་དང་ཡུ་གུར། རྒྱ་ནག་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་ཚད་ལྡན་ཞིག་མ་སྤྲད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ནང་དེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་གསལ་བཏོན་གནང་ཡོད་པ་ནས་རྟོགས་ཐུབ།
དེ་བཞིན་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་བབ་ཀྱང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། བོད་ལྷོ་ཁ་ལྷུན་རྩེ་རྫོང་ཟེར་བའི་ནང་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གྱི་རིན་ཐང་ལྡན་པའི་གསེར་དངུལ་དང་། ཟངས་ལ་སོགས་པའི་གཏེར་ཁ་སྔོག་འདོན་དང་། ཕྱི་ལོ་ ༢༠༡༩ ལོའི་ནང་བོད་ལྷོ་ཁ་དང་། གཞིས་ཀ་རྩེ། མངའ་རིས་ས་གནས་བཅས་སུ་གནམ་ཐང་གསུམ་གསར་རྒྱག་གི་ལས་འཆར་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། འབྲུག བལ་ཡུལ་གསུམ་གྱི་ས་མཚམས་ཀྱང་འཁེལ་ཡོད། ད་དུང་བལ་ཡུལ་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱ་འཆར་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཚབས་ཅན་ཞིག་ཆགས་ཡོད། གནམ་ཐང་གསར་རྒྱག་ཆེད་ས་གནས་བོད་མི་རྣམས་ཀྱི་ཞིང་ཁ་བཙན་འཕྲོག་གིས་གུན་གསབ་ཉུང་ངུ་ལས་སྤྲོད་ཀྱི་མེད་པས་ཡུལ་མིར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། རྒྱ་གཞུང་གིས་དམིགས་དོན་གཙོ་བོ་ནི་བོད་ནང་མི་འབོར་སྤོ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ས་མཚམས་ཁག་གི་དབང་ཤུགས་ཆེ་རུ་གཏོང་རྒྱུ་ལས་བོད་མིའི་འཚོ་བའི་གནས་བབ་སོགས་ལ་ཕན་ཐོགས་གང་ཡང་མེད་པ་མ་ཟད་ཁོར་ཡུག་གི་གནས་སྟངས་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་མང་པོའི་ནང་རྒྱ་གཞུང་གིས་དྲག་ཆས་དམག་མི་འགྲེམས་འཇོག་དང་། རྡུལ་ཕྲན་མཚོན་ཆ་གསོག་འཇོག དམག་སྦྱོང་སོགས་ཀྱིས་མཐོ་སྒང་བོད་ཀྱི་ས་ཁམས་སོགས་ལ་གཏོར་བཤིག་ཚད་མེད་ཐེབས་བཞིན་ཡོད།
འདི་ལོ་ཕྱི་ཟླ་ ༥ པའི་ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གི་གནས་སྟངས་དྲིལ་བསྒྲགས་ཆེད་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ཉན་ཞིབ་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་སྐབས་བོད་ནང་གི་དངོས་ཡོད་གནས་སྟངས་དང་མི་མཚུངས་པའི་རྣམ་ཀུན་རྒྱ་གཞུང་ནས་བཤད་པ་བཞིན་བསྐྱར་ཟློས་བྱས་ཡོད་ཀྱང་། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་དང་། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་སྐོར་སོགས་ལ་འདྲི་རྩད་ནན་པོ་ཞུས་གནང་ཡོད་ལ། དེ་བཞིན་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ད་ལྟའི་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་སྐོར་བོད་དོན་ཉན་ཞིབ་ཀྱི་གོ་སྐབས་བཟང་པོ་ཞིག་ཀྱང་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་དངོས་ཡོད་བདེན་དཔང་གསེད་དཀྲོལ་གནང་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལག་ལེན་འཁེལ་ཐུབ་པའི་དོན་དངོས་དང་མཐུན་པ་ཞིག་ཆགས་ཡོད། འདི་ཡི་ནང་དོན་ལ་རྣམ་པར་འགྱུར་བའི་རང་བཙན་དང་། བོད་ཆེན་པོའི་ཐ་སྙད་སོགས་ཀྱི་ཁག་དཀྲི་ཡོང་གཞི་མེད་པས་རྒྱ་གཞུང་གི་འགོ་འཁྲིད་རྣམས་ཀྱིས་དཔྱད་ཞིབ་དཔྱིས་ཕྱིན་པ་གནང་འདོད་ཡོད་ཚེ་དགའ་བསུ་བྱ་རྒྱུ་དང་། ཉེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Michael Richard Pompeo མཆོག་ནས་སླར་ཡང་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གནང་བ་བཞིན། རྒྱ་གཞུང་གིས་ཀྱང་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་དུ་ཡོང་ཐབས་གནང་དགོས་ཀྱི་འབོད་སྐུལ་བསྐྱར་ནན་བྱ་རྒྱུ་ཡིན།
ཉེ་སྔོན་དྲ་རྒྱ་དང་གསར་ཤོག་ཁག་ཅིག་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་གནས་བབ་སྐོར་ལ་དོན་དངོས་མིན་པར་འཆལ་གཏམ་སྤེལ་བ་དེར་གཞི་རྩ་གང་ཡང་མེད། ཉེ་ཆར་ཕྱི་ཟླ་ ༦ པའི་ནང་ཡུ་རོབ་བྷལ་ཊིའི་མངའ་ཁུལ་གཏོགས་པའི་ལི་ཐུ་ཝེ་ནི་ཡ་ Lithuania དང་ལ་ཏི་ཝི་ཡ་ latvia རྒྱལ་ཁབ་གཉིས་ནང་ཆིབས་བསྒྱུར་སྐྱོང་བས་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱིར་༸ཞབས་སོར་འཁོད་མཚམས་གྷ་གྷལ་གནམ་ཐང་དུ་༸གོང་ས་མཆོག་ཉིད་ཀྱིས་སྐུ་གཟུགས་བདེ་ཐང་ཡིན་པ་བཀའ་གསལ་རྗེན་པ་གནང་ཡོད་པས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་སེམས་ངལ་གནང་མི་དགོས་པ་དང་། ༸གོང་ས་མཆོག་དགུང་ནའི་བབ་དང་ལོ་འདིར་དགུང་སྐེག་སྔོན་ལོ་དང་ལོ་རྗེས་མ་དགུང་སྐེག་དངོས་གཞིར་ཟིན་གྱི་ཡོད་ན། རང་ཅག་ཁ་བ་གངས་ཅན་པ་ཡོངས་ནས་༸རྒྱལ་བའི་སྐུ་ཕྱྭའི་ཆེད་རྣམ་དཀར་བསོད་ནམས་གསོག་སྒྲུབ་ཀྱི་ལས་ལ་འབད་འབུངས་ཤུགས་ཆེར་གནང་དགོས་པ་དང་། གཙོ་བོར་བོད་མི་རྣམས་ཀྱིས་ནང་ཁུལ་མཐུན་ལམ་གཟོང་ཁ་ཆིག་སྒྲིལ་དང་། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་གཞུང་སྒེར་ཚང་མས་གཅེས་འཛིན་གྱིས་དར་སྤེལ་གང་ལེགས་གནང་ཐུབ་ན། དེ་ནས་༸རྒྱལ་བ་ཐུགས་དགྱེས་པའི་མཆོད་སྤྲིན་དང་། དོན་དམ་པའི་བརྟན་བཞུགས་ཀྱང་ཆགས་ཀྱི་ཡོད་ན་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་འབད་བརྩོན་སྔར་ལྷག་གནང་དགོས་པའི་སྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།
བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་བཅུ་ཕྲག་དྲུག་ལ་འགྲོ་བཞིན་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་མགོན་ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། དེ་མཚུངས་རྒྱལ་སྤྱིའི་ཁྱོན་གྱི་བོད་དོན་དང་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་གཞུང་དང་མི་མང་ཚོགས་སྡེ་སྒེར་བཅས་ཡོངས་ལའང་དེ་རིང་དུས་ཚོད་ཁྱད་པར་ཅན་གྱི་གོ་སྐབས་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ལ།།