སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲིའི་དམ་འབུམ་མཛད་སྒོར་གནང་བའི་བཀའ་སློབ།

དེ་རིང་འདི་གར་ས་གནས་སུ་དངོས་སུ་འཛོམས་པའི་ང་ཚོ་བོད་རིགས་སེར་སྐྱ་མི་མང་དང་ལྷག་པར་བཀའ་ཁྲི་གསར་པ། གང་ལྟར་སྲིད་སྐྱོང་ཆགས་ཡོད། བློ་བཟང་སེང་གེ་ལགས་དང་བཀའ་བློན་ཁྲི་ཟུར་རེད། དེ་བཞིན་ཆེད་མངགས་དེ་རིང་གི་དུས་ཚོད་འདིའི་ཐོག་དགའ་སྤྲོའི་ངང་ནས་ལྷག་བསམ་གྱི་ཐོག་ནས་རྒྱབ་སྐྱོར་དང་། དེ་བཞིན་བོད་མིའི་ལས་ཀ་འདི་དྲང་བདེན་དང་མཐུན་པ་ཞིག་ཡིན་སྟབས། དེ་ཡང་དངོས་གནས་དགའ་སྤྲོའི་ངང་ནས་རྗེས་སུ་ཡི་རངས་བྱས་པའི་ཐོག་ནས་ཆེད་མངགས་ལུང་པ་ཁག་འདྲ་མིན་མང་པོ་ཞིག་ནས་ཁྱེད་རང་ཚོ་སྐུ་མགྲོན་ཕེབས་འདུག ཁྱེད་རྣམ་པ་དང་གཞན་ཡང་ཚང་མར་བརྗོད་རྒྱུར།

དེ་རིང་གི་ཉིན་མོ་འདི་ནི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལྟར་ན་ཧ་ལམ་ལོ་ཉིས་སྟོང་ལྷག་ཙམ་ཕྱིན་ཡོད། དེའི་ནང་གི་ཉིན་མོ་དམིགས་བསལ་བ་ཞིག་ཆགས་ཡོད། ང་ཚོ་བོད་མི་རིགས་འདི་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་དེའི་དུས་ཀྱི་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཆོས་རྒྱལ་ཚོའི་དབུ་ཁྲིད་འོག་ཆོས་སྲིད་གང་ཅིའི་ཐོག་ཁྱིམ་མཚེས་ཚོ་དང་བསྡུར་ན་ཕལ་ཆེར་རྗེས་སུ་ལུས་མེད་པ་ཞིག་བྱུང་ཡོད། དེ་དག་ནི་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པའི་དབུ་ཁྲིད་ཀྱི་བྱེད་སྒོ་དེ་དག་དངོས་གནས་ཡག་པོ་བསྒྲུབས་པ་ལྟ་བུ་རེད།

ད་ཆ་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད། དུས་རབས་ཉི་ཤུའི་ནང་འཛམ་གླིང་འདིའི་ནང་འགྱུར་བ་མང་པོ་སོང་ཡོད། དེ་ཡང་གནས་དུས་གསར་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ལོ་ཡུན་དེའི་རིང་ལ་རིམ་པས་ང་ཚོ་དངོས་གནས་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ང་ཚོས་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་བཞིན་ཡོད། དེ་འདྲ་ཞིག་གི་གནས་སྟངས་འོག་ནས་དེ་རིང་ང་ཚོ་འདིར་དངོས་གནས་ཕྱི་ནང་སུས་བལྟས་ཀྱང་ཐམས་ཅད་ཀྱིས་མཐུན་སྣང་དུ་བསྒྲུབ་རྒྱུ་ཞིག་ང་ཚོ་འདིར་བཙན་བྱོལ་དུ་གནས་ཡོད། འོན་ཀྱང་ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུའི་ཐོག་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་དེ་སྲིད་སྐྱོང་རང་ཆགས་ཡོད། ད་གིན་བཀའ་ཤག་གི་གསུང་བཤད་ནང་ཡོད་པ་ལྟར། (Political Leader)ཞེས་བརྗོད་སྐབས་སྲིད་སྐྱོང་རེད། དེ་ང་ཚོའི་བོད་པའི་ཐ་སྙད་སྔར་ནས་ཡོད་པ་ཞིག་རེད།

ང་ཚོའི་དེ་རིང་གི་ཉིན་མོ་འདིར་ཐད་ཀར་འོས་བསྡུ་བྱེད་མཁན་གྱི་བཙན་བྱོལ་བ་ཚོས་སེམས་ཀྱི་གཏིང་ནས་སྤོབས་པ་བསྐྱེད་འོས་པ་ཞིག་དང་། དངོས་གནས་སེམས་ཀྱི་གཏིང་ནས་རྗེས་སུ་ཡི་རངས་དང་འབྲེལ་བའི་དགའ་སྤྲོ་བྱེད་འོས་པ་ཞིག་ཆགས་ཡོད། དེ་བཞིན་དུ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་འགོ་ཁྲིད་འདེམས་རྒྱུ་ཕར་བཞག་སོ་སོ་སྒེར་གྱི་བསམ་བློའི་ནང་སོ་སོར་ཚོར་བ་ག་རེ་ཡོད་པ་དེ་ཕྱིར་བཏོན་མི་ཆོག་པ་ཞིག་དང་མི་ནུས་པར་སྡོད་དགོས་པའི་གནས་སྟངས་འོག་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ཀྱང་ཏན་ཏན་ལོ་རྒྱུས་ཡོད་པའི་བོད་མི་རིགས་ཀྱིས་དུས་ཚོད་ཀྱི་རྗེས་ཟིན་པའི་ཐོག་ནས་མདུན་སྐྱོད་བྱེད་ཀྱི་ཡོད་པ་འདི་གོ་སྐབས། སེམས་ལ་སྤོབས་པ་དང་དགའ་སྤྲོ་སྐྱེ་འོས་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད།

ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན། ངོས་རང་ལོ་བཅུ་དྲུག་སྐབས་འཚུབ་ཐེར་ཏི་ཡོད། དཔེ་ཆ་ལྟ་སྐབས་ལེ་ལོ་བྱས་ནས་དཔེ་ཆ་བལྟས་པ་རེད།  དེ་འདྲ་ཞིག་གི་མི་ཚེའི་ནང་ལ་བོད་ཀྱི་གནས་སྟངས་དཀའ་ངལ་གསར་པ་ཚུགས་ཏེ་དངོས་གནས་རི་ལུག་པ་ཐག་པས་མི་སྡོམ་ཟེར་བའི་གནས་སྟངས་ཆགས་པའི་འོག  ༸རྒྱལ་དབང་སྐུ་ཕྲེང་གསུམ་བཅུ་པས་དགུང་ལོ་གྲངས་བཅོ་བརྒྱད་ལ་ཆབ་སྲིད་ཀྱི་འགན་དབང་བཞེས་ཡོད། ངོས་རང་དེའི་སྐབས་དུས་ཚོད་ཧ་ཅང་ཛ་དྲག་ཆགས་སྟབས་ལོ་བཅུ་དྲུག་ཐོག་ལ་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད།
སྐབས་དེར་ཆབ་སྲིད་ཀྱི་འགན་དབང་དེ་སྟག་བྲག་རིན་པོ་ཆེ་སྲིད་སྐྱོང་རེད། སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དེ་ཚུར་རྩིས་ལེན་ཞུས་པ་རེད། ལོ་ ༡༦ ནས་ ༧༦ བར་ལོ་ ༦༠ ཡི་རིང་ལ་ཧ་ལས་པའི་དཀའ་ངལ་ཆེན་པོའི་དུས་ཚོད་ཅིག་ཕྱིན་པ་རེད། འོན་ཀྱང་དེའི་རིང་འཁྱར་འཁྱོར་ཞིག་གི་ངང་ནས་གང་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཐོག་ནས་འཛམ་གླིང་འདིའི་སྟེང་བོད་འདི་ནག་བསུབ་མ་ཐེབས་པ་ཞིག་བྱུང་ཡོད། འདི་ངོས་ཀྱི་བྱས་རྗེས་ཕྲན་བུ་ཞིག་ཡིན་སྙམ་གྱི་ཡོད།

དེ་འདྲའི་ཐོག་ནས་ལོ་ ༦༠ ཕྱིན་ཏེ་དེ་རིང་འདིར་སྔ་མོ་བོད་པའི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་ཀྱི་འོག་ནས་བོད་ཀྱི་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་དེ། དུས་རབས་ ༢༠ དང་ ༢༡ པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་འཕེལ་བ་བཞིན་འཕེལ་རྒྱས་འགྲོ་བའི་མང་གཙོ་དེ་ང་ཚོས་དངོས་གནས་ཁ་ཞེ་གཉིས་མེད། སྤོབས་པའི་ངང་ནས་ལག་བསྟར་བྱས་ཏེ་དེ་རིང་འདིར་མི་མང་གིས་འོས་བསྡུ་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་རྒྱུ་བྱུང་བ་རེད།

ང་ཚོ་བོད་མི་རིགས་ཟེར་བ་འདི་ལོ་སྟོང་ཕྲག་རིང་གི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་ལ་དངོས་གནས་སློབ་སྦྱོང་བྱས་ནས་སློབ་སྦྱོང་དེ་ཡང་ཚིག་སྐམ་པོ་ཙམ་མིན་པར་ཉིན་རེ་ཉིན་རེའི་འཚོ་བའི་ནང་འདྲེས་ཏེ་ཕྱིན་པའི་འབྲས་བུར་སངས་རྒྱས་ཀྱི་ཟབ་པ་དང་རྒྱ་ཆེ་བ། ཟབ་མོ་སྟོང་ཉིད་ཀྱི་ལྟ་གྲུབ་དང་རྒྱ་ཆེ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་ལྟ་བུ་ཞིག  ལོ་སྟོང་ཕྲག་གི་གནའ་རབས་ཀྱི་སྲོལ་རྒྱུན་དང་ལྟ་གྲུབ་ཟེར་ན་མི་འདུག  འདི་འདྲ་ཞིག་ང་ཚོས་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་ཟབ་རྒྱས་ཡོངས་སུ་རྫོགས་པ་ད་ལྟ་གསོན་པོར་གནས་ཡོད་ས་དེ་ཕལ་ཆེར་བོད་པ་གཅིག་པུ་རེད། དེ་འདྲའི་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་དང་རན་པ་ཞིག་བྱེད་དགོས་པ་རེད་མ་གཏོགས་དངོས་ཡོད་གནས་ཚུལ་ལ་མ་རན་པ་ཞིག་སྔར་གྱི་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཤོད་རྒྱུ་བསྡད་མེད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུང་སྐབས་གདུལ་བྱའི་ཁམས་དང་མོས་པར་འཚམས་པའི་ཐོག་ནས་ཆོས་སྟོན་གྱི་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་ཆབ་སྲིད་ཀྱི་འགྲོ་སྟངས་འཕོ་འགྱུར་མང་པོ་ཞིག་འགྲོ་གི་ཡོད། ངོས་ཀྱིས་ནམ་རྒྱུན་ཡང་ཡང་འདི་ལྟར་ཤོད་ཀྱི་ཡོད། འཛམ་གླིང་འདི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུར་ཉེ་བ་དེ་དག་ལ་དབང་ཡོད་པ་རེད་མ་གཏོགས། རྒྱལ་པོ་དང་། བླ་མ། དཔོན་པོར་དབང་མེད་ཅེས་ཤོད་ཀྱི་ཡོད། ཡུལ་ལུང་བྱེ་བྲག་པ་སོ་སོར་ཆ་བཞག་ནའང་ཡུལ་ལུང་བྱེ་བྲག་པ་དེ་ཡུལ་ལུང་བྱེ་བྲག་པ་དེ་དང་དེའི་མི་མང་ལ་དབང་ཡོད་པ་རེད་མ་གཏོགས། རྒྱལ་པོ་དང་བླ་ཆེན་ལ་དབང་མེད། ང་ཚོ་བོད་ལ་ཆ་བཞག་ནའང་བོད་དེ་བོད་རྒྱ་ཆེའི་མི་མང་ལ་དབང་ཡོད་པ་རེད་མ་གཏོགས་བླ་ཆེན་ལ་དབང་མེད་ལ། སྔར་གྱི་རྒྱལ་པོ་རྒྱལ་རྒྱུད་དེ་དག་ལའང་དབང་མེད།

དེར་བརྟེན་ངོས་ཀྱིས་རྟག་པར་ཆབ་སྲིད་ཀྱི་དབང་ཆ་འཛིན་རྒྱུ་དང་འགན་འཁྱེར་རྒྱུ་དེ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་བྱེད་པ་དེ་འགྲིག་གི་མེད་ཅེས་ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འགན་འཁྱེར་ན་ཡག་པོ་མེད། ཐ་དད་དགོས་ཞེས་ཤོད་བཞིན་ངོས་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ཡིན་པའི་ཐོག་ཆབ་སྲིད་ཀྱི་དབང་ཆ་བཟུང་སྡོད་སྐབས། ངོས་ཀྱིས་ཁ་ནས་བཤད་པ་དང་ལག་ལེན་བསྟར་རྒྱུ་གཉིས་མ་མཚུངས་པ་ལྟ་བུ་ཆགས་ཡོད་སྟབས་སྐབས་རེར་མ་བདེ་བ་ཡོང་གི་འདུག

ད་ཆ་ངོས་ཀྱིས་སེམས་ཀྱི་ནང་ནས་ཡིད་ཆེས་ཡོད་པ་དང་མིར་བཤད་རྒྱུ་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་དུས། ངོས་རང་ལ་ཆ་བཞག་ན་མི་སུ་དང་སུ་ཡིན་ནའང་ངོས་ཀྱི་ལྟ་གྲུབ་ཡོད་པ་དེ་དག་འཛམ་གླིང་མི་མང་ལ་དབང་གི་ཡོད། ལུང་པ་བྱེ་བྲག་པ་དེ་ཚོ་མི་མང་ལ་དབང་ཡོད། དབང་དང་སྟོབས་ཀྱིས་འཛིན་རྒྱུ་དང་ལོ་རྒྱུས་ཀྱི་བྱུང་བའི་ཐོག་ནས་བཟུང་སྟེ་སྡོད་རྒྱུའི་ཐོབ་ཐང་དེ་ཡོལ་ཚར་བ་རེད། དེ་བཞིན་ཆོས་སྲིད་ཀྱི་འགོ་ཁྲིད་སོ་སོར་དགོས་ཀྱི་རེད་ཅེས་སྤོབས་པའི་ཐོག་ནས་ནམ་རྒྱུན་ཤོད་བཞིན་པ་དེ་དངོས་སུ་ལག་བསྟར་བྱས་ཡོད་སྟབས། ངོས་ཀྱིས་ད་དུང་མུ་མཐུད་ནས་ཤུགས་ཆེན་པོ་བྱས་ནས་ཤོད་རྒྱུའི་གོ་སྐབས་ཡོད། ང་རང་སྒེར་གྱི་ངོས་ནས་ཆ་བཞག་ན་དེ་རིང་གི་ཉིན་མོ་དེ་དངོས་གནས་ངོས་རང་གི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པ་བཞིན་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞིག་དེ་རིང་དངོས་སུ་བསྒྲུབས་པ་རེད།

གཙོ་ཆེ་ཤོས་ང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་བྱེས་འཁོད་མི་མང་དེ་དག་ཆགས་ཡོད། ཁྱེད་རང་ཚོས་འོས་བསྡུའི་སྐབས་ཚང་མས་སེམས་ཁུར་བླངས། དོ་སྣང་བྱས་ཏེ་སོ་སོའི་བསམ་བློའི་ནང་རྡོག་ཁྲེས་འཁྱེར་ཏེ། འཁུར་བླངས་ནས། ཚོར་བ་ཡོད་པ་བྱས་ཏེ་འོས་བསྡུ་བྱེད་རྒྱུ་དེ་དག་ཚང་མས་ཧུར་ཐག་བྱས་སོང། མཐའ་མའི་འདུས་དེར་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་པོ་ཡོད་མཁན་གྱི་མི་ཞིག་ཁྱེད་རང་ཚོས་འོས་འདེམས་བྱས་པ་རེད། མི་མང་ཚོར་ཆ་བཞག་ནའང་ཚང་མས་ད་ལྟ་ཕན་ཧུར་ཐག་བྱས་སོང་ཐུགས་རྗེ་ཆེ་ཞུ་གི་ཡིན།

སྲིད་སྐྱོང་བློ་བཟང་སེང་གེ་མང་གཙོའི་ཐོག་ནས་འོས་འདེམས་བྱུང་བ་དང་འགན་དབང་ཆ་ཚང་ཡོད་མཁན་གྱི་མི་དང་པོ་ཆགས་ཡོད། དོ་བདག་གི་ངོས་ནས་ལྷག་བསམ་རྣམ་པར་དག་པ་ངོ་ལྐོག་མེད་པའི་ཐོག་ནས་འགོ་ཁྲིད་ཀྱི་རེད། གཙོ་ཆེར་འདི་གའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་དང། དེ་བཞིན་འཛིན་སྐྱོང་གི་ལས་བྱེད་རྣམ་པ་ཚོ་རེད། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག མི་མང་ཚང་མ་སོ་སོར་རྒྱུ་མཚན་ལྡན་པའི་སྐྱོན་འདོན་ཡོ་བསྲང་བྱེད་རྒྱུ་ཡོད་ན་གནས་ཚུལ་ཐ་དད་རེད། གཞན་དེ་མིན་ང་ཚོ་ཚང་མས་སྤྱི་དེ་གལ་ཆེན་པོ་རྩིས། སོ་སོ་སྒེར་དང་སྒེར་གྱི་ཤོག་ཁའི་དོན་དག་དེ་ཆབ་སྲིད་དང་བསྲེས་ཏེ། ཆེ་ས་དེ་ལས་བྱེ་བྲག་པའི་དོན་དེ་གལ་ཆེ་བར་བརྩི་རྒྱུ་ལྟ་བུ་བོད་པ་གཅིག་པུ་མིན་པར་འཛམ་གླིང་གང་སར་ཡོང་གི་ཡོད། ཉེ་ཆར་ངོས་ཀྱིས་ཨ་མི་རི་ཀར་བརྗོད་རྒྱུ་བྱུང། སྲིད་དོན་གྱི་ཤོག་ཁག་སོ་སོའི་མཐོང་ལ་སོགས་པའི་དོན་དག་དེ་རིམ་པ་གཉིས་པ་རེད། རིམ་པ་དང་པོ་དེ་ཨ་རི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་སྤྱི་པའི་གནད་དོན་རེད། སྤྱི་པའི་གནད་དོན་དེའི་ཐོག་སྒེར་གྱི་སྲིད་དོན་ཤོག་ཁག་སོ་སོའི་མིང་གལ་ཆེན་པོ་བརྩི་རྒྱུ་དེ་རིམ་པ་གཉིས་པ་རེད་ཅེས་ཤོད་ཀྱི་ཡོད།

དེར་བརྟེན་ང་རང་ཚོས་དེ་དེ་བཞིན་བྱས་ཏེ་བོད་འདི་འཆི་དང་གསོན་ཞེས་པའི་མཚམས་ལ་བསླེབས་སྐབས་སྤྱི་དོན་གྱི་བསམ་བློ་གཏོང་དགོས་རེད་མ་གཏོགས། བྱེ་བྲག་སོ་སོའི་མིང་དང་དགོས་དབང་ལྟ་བུའི་ཐོག་བསམ་བློ་ཁོ་ན་བཏང་ན་ཡག་པོ་མི་འདུག བྱས་ཙང་ཚང་མས་ད་ལྟ་ཕན་ཆད་ཧུར་ཐག་གནང་བ་རེད། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། འབྱུང་འགྱུར་ཡིན་ནའང་ཚང་མས་ནུས་པ་བཏོན་ནས་ཆིག་སྒྲིལ་གྱི་འོག་ནས་ང་ཚོ་སྤྱིའི་འདོད་དོན་སྒྲུབ་ཐུབ་པ་བྱེད་རྒྱུར་ཚང་མས་ཐུགས་འཁུར་བཞེས་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།  ཞེས་བཀའ་བསྩལ། །