སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་འཁོད་སྐབས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ཕེབས་བསུར་ཆེད་བཅར་དང་། དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་མང་ཚོགས་ཐུག་འཕྲད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་འགོ་འཛུགས་ཏེ། ལ་དྭགས་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་འཁོད་སྐབས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ཕེབས་བསུར་བཅར་བ་དང་། ཉིན་རྒྱབ་ལ་དྭགས་བསོད་ནམས་གླིང་མང་ཚོགས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད། དེ་བཞིན་མི་མང་ནས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་འདུག

སྐབས་དེར་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། ས་འཐུས་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་འགྲུབ་ལགས། ས་འཐུས་ཚོགས་གཞོན་བློ་བཟང་སྙན་གྲགས་ལགས་བཅས་ལྷན་བཅར་ཞུས་འདུག་པ་བཅས།