སྤྱི་ཁྱབ་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༦་་་་་༢༠༡༧ ལོའི་རྩིས་ཁྲར་རྩིས་ཞིབ་ལེགས་པར་གྲུབ་པ།

༄༅། །བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ དགོངས་དོན་ལྟར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་ཞིག་བསྐོ་གཞག་གནང་དགོས་པ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། བདེ་སྲུང་དྲུང་གཞོན་ལྷ་དབང་རྒྱལ་པོ་ལགས། ཕྱི་དྲིལ་དྲུང་ལས་སྐལ་བཟང་ལྷུན་གྲུབ་ལགས་བཅས་དམིགས་འཛུགས་ཀྱིས་བསྐོ་གཞག་གནང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ཚོགས་ཆུང་གི་ཚོགས་མི་ཚང་འཛོམས་ཀྱིས་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཚོགས་གཙོ་དང་། བདེ་སྲུང་དྲུང་གཞོན་ལྷ་དབང་རྒྱལ་པོ་ལགས་ཚོགས་དྲུང་དུ་སྤྱི་མོས་གཏན་འཁེལ་གནང་ཡོད།  དེ་རྗེས་དེ་སྔའི་བརྒྱུད་རིམ་དང་ལས་དོན་ཞུ་ཕྱོགས་སོགས་གོ་བསྡུར་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༨ ནས་ཉིན་ལྟར་ཉིན་རྒྱབ་ཟླ་གསུམ་དང་པོའི་རྩིས་ཁྲར་ཞིབ་འཇུག་མ་ཟིན་བར་ཚོགས་ཆུང་ཚོགས་ཡུལ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཚོགས་རྒྱུ་གནང་བ་ལྟར་འདི་གར་ཚོགས་གནང་བ་དང་། ཚོགས་མི་རྣམས་ནམ་རྒྱུན་གྱི་ལས་འགན་ཡོད་མུས་ལ་ཟླ་གསུམ་དང་པོ་ཕུད་དེ་མིན་ཟླ་གསུམ་ཆ་ཚང་གི་རྩིས་སྣོད་ཆ་བགོས་ཀྱིས་ལས་ཁུངས་དང་རང་ཁྱིམ་དུ་འཁྱེར་ནས་རྩིས་ཞིབ་གནང་ཡོད།

དེ་བཞིན་རྩིས་ཞིབ་གནང་རྗེས་དོགས་དྲི་ཇི་ཡོད་འབྲེལ་ཡོད་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་པ་ཆེད་འབོད་ཀྱིས་ཚོགས་ཆུང་ལྷན་འཛོམས་ཐོག་གསལ་བཤད་དང་དན་རྟགས་མིག་སྟོན་བྱུང་བ་བཅས་ལ་གཞིགས་ཏེ་སྐབས་འཕྲལ་རྩིས་གཙང་བཟོས་གནང་ཡོད། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ ཉིན་ཚོགས་ཆུང་ལྷན་འཛོམས་ཐོག་མཐའ་མའི་དོགས་དྲི་གནང་དགོས་ཁག་གནང་བ་དང་།  ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ ཉིན་དེ་སྔའི་སྙན་ཐོ་དང་རྩིས་ཞིབ་ལས་ཁང་ནས་མཇུག་གནོན་དགོས་ཁག་ཚོགས་ཆུང་ལ་ཕུལ་འབྱོར་བྱུང་བར་བསྐྱར་ཞིབ་ཀྱིས་རྩིས་ལོ་ ༢༠༡༥་་་་༢༠༡༦ ལོའི་ནང་སྐྱོན་གནད་དོན་ཚན་ ༤ ཡོད་ཁོངས་ནས་ ༣ འགྲིག་པ་དང་། ༡ མཇུག་གནོན་མུ་མཐུད་བྱ་དགོས་ཁོངས་བཞག།དེ་བཞིན་ཕྱི་ལོ་ ༢༠༡༦་་་་༡༧ ལོའི་ནང་སྐྱོན་གནད་གྲངས་ ༥ རགས་ཟིན་སྙན་འགོད་ཀྱིས་ལན་འདེབས་གསལ་བཤད་ཀྱིས་འགྲིག་པ་གྲངས་ ༣ དང་ ༢ སྙན་འགོད་གནང་ཡོད། མདོར་ན་ཚོགས་ཆུང་ནས་ད་བར་ལས་དོན་རུ་ངར་ཞིབ་ཚགས་གནང་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༣ ཉིན་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ཁྲ་ཡོངས་ལ་རྩིས་ཞིབ་ལེགས་གྲུབ་ཀྱི་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་བཅས་ཀྱི་གནས་ཚུལ་དུ།།

Menu