སྤོན་ཊ་ཆོལ་གསུམ་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་རྟེན་འབྲེལ་མཛད་སྒོར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་ཕེབས་གནང་བ།

 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དབུ་བརྙེས་ནས་ད་བར་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་བོད་མི་མང་སྤྱི་ལྷན་གྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། དེ་ཡང་མཛད་སྒོར་སྐུ་མགྲོན་གཞན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་།  ས་གནས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲི་ནེཤ་ཇངྒ་ Shri. Krinesh Jung མཆོག་དང་། ས་གནས་ཉེན་རྟོག་རུ་དཔོན་སོགས་མཛད་སྒོར་ཆེད་ཕེབས་གནང་འདུག

ཐོག་མར་སྤོན་ཊ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་ཞུས། དེེ་བཞིན་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲི་ནེཤ་ཇངྒ་  Krinesh Jung མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཚབ་ཞུས་ནས་མཛད་སྒོར་འཚམས་འདྲི་གནང་བ་དང་། དེ་རྗེས་གསུང་དོན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་༸གོང་ས་མཆོག་ཐུགས་འདྲིས་ཧ་ཅང་ཆེ་བ་དང་། སྤྱི་ཁྱབ་བློན་ཆེན་མཆོག་ནས་མངའ་སྡེའི་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ད་བར་རོགས་རམ་གང་ཐུབ་གནང་ཡོད་པ་དང་། བོད་མི་དང་ས་གནས་ཡུལ་མིའི་དབར་མཐུན་ལམ་ཧ་ཅང་ཡག་པོ་ཡོད་པར་བསྔགས་བརྗོད་དང་སྦྲགས་འབྲེལ་བ་བཟང་པོ་ཡོད་བཞིན་པ་དེ་མུ་མཐུད་ནས་རྒྱུན་སྐྱོང་གནང་གལ་ཆེ་སྐོར་གསུངས།

དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན།  ད་ལྟ་བོད་ནང་དུ་མཚོན་ན་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན་གཞིས་ལུས་བོད་མི་རྣམས་ལ་ཆོས་དང་རིག་གཞུང་སྐད་ཡིག་སོགས་བསླབ་པའི་རང་དབང་མེད་པ་དང་། བཙན་དབང་འོག་གནས་མུས་ཡིན་པར་བརྟེན་ང་ཚོ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོས་སྐུ་ཚབ་བྱས་ནས་རང་གི་ཐུན་མིན་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱེད་ཐུབ་དགོས།

ད་བར་བོད་མི་བཙན་བྱོལ་བ་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་ཐུབ་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང་།  འདས་པའི་ལོ་ལྔ་བཅུའི་རིང་ང་ཚོས་རང་གི་སྐད་ཡིག་དང་ཆོས། རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་ཐུབ་ཡོད་པ་དང་།  མི་རིགས་ཤིག་གི་འཐབ་རྩོད་ལ་བསམ་བློ་གཏོང་སྐབས་ལོ་ལྔ་བཅུ་ཟེར་བ་དེ་ཙམ་དུས་ཚོད་རིང་པོ་མིན་ཡང་། མི་སྒེར་གྱི་མི་ཚེར་བསམ་བློ་བཏང་བ་ཡིན་ན་མི་ཚེ་ཕྱེད་ཀ་ཙམ་ཆགས་ཡོད། འོན་ཀྱང་ང་ཚོའི་འཐབ་རྩོད་འདི་མི་རབས་ནས་མི་རབས་བརྒྱུད་གནས་དགོས་པར་བརྟེན་མི་ཐོག་གསར་པ་ཚོས་ཆོས་དང་རིག་གཞུང་དང་སྐད་ཡིག་སོགས་ལ་དོ་སྣང་ཤུགས་ཆེ་གནང་དགོས་པ་སོགས་ཀྱི་གསུང་བཤད་ཟབ་མོ་གནང་།

 

 

 

 

 

 

Menu