༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཉིན་གྲངས་ལྔའི་རིང་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཟབ་སྦྱོང་གནང་མཁན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་ཀྱིས་གཙོས་ཟབ་སྦྱོང་ནང་འཛུལ་ཞུགས་གནང་མཁན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དང་།སྡེ་ར་ལྡུན་བདེ་སྐྱིད་གླིང་། ཧར་པ་སྤུར། སིམ་ལ། ཌོ་ལན་ཇི། ཀུམ་རའོ། སྤུ་རུ་ཝ་ལ། ས་ཊོན་བཅས་ས་གནས་ཁག་བརྒྱད་ཀྱི་ས་འཐུས་དང་། སིམ་ལ་ཕུད་ས་གནས་ཁག་སོ་སོའི་ས་གནས་འགོ་འཛིན། ས་འཐུས་སྒྲིག་འཛུགས་མེད་པ་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཀྱི་སྤྱི་མི་གཅིག དེ་བཞིན་སྤོན་ཊ་ཆོལ་གསུམ་ས་གནས་ནས་མཉམ་ཞུགས་གནང་མཁན་བཅས་ཟབ་སྦྱོང་བ་ཁྱོན་ ༦༤ ཚང་འཛོམས་ཀྱིས་ཐོག་མར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་ལས་དྲུང་བསྟན་འཛིན་བློ་གྲོས་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཐོག་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་ཡོད།
དེ་ནས་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཟབ་སྦྱོང་སྐོར་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་དོན་ངོ་སྤྲོད་གནང་གྲུབ་མཚམས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་ཟབ་སྦྱོང་གི་དམིགས་ཡུལ་དང་། དེའི་གལ་ཆེའི་སྐོར་ལ་གསུང་བཤད་གནང་། དེ་རྗེས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་དཀོན་མཆོག་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་ཐེངས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ་དང་། ས་གནས་ཁག་ནས་ཕེབས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་འདུག
དེ་ནས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་སོ་སོའི་དགོངས་དོན་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ཚོགས་གཙོས་གྲོས་ཚོགས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐོག་ཟབ་ཁྲིད་གནང་བ་དང་།
ཕྱོགས་མཚུངས་ཟབ་སྦྱོང་གི་ཉིན་གཉིས་པར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། སྔོན་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་གནང་ཡོད། དེ་བཞིན་ཉིན་གཉིས་རིང་གི་ཟབ་སྦྱོང་སྐབས་ཟབ་སྦྱོང་བ་རྣམ་པའི་དྲི་བ་ཁག་ ༤༠ ཙམ་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཉིན་རྗེས་མའི་ནང་ལས་རིམ་ལྟར་ཟབ་སྦྱོང་དམར་ཁྲིད་ཀྱི་གྲ་སྒྲིག་གནང་སྒོ་ཁག་གནང་རྒྱུ་དང་། ཉིན་བཞི་པ་དང་། ལྔ་པར་ཟབ་སྦྱོང་དམར་ཁྲིད་གནང་རྒྱུ་ཡིན་འདུག
ད་ཐེངས་ཀྱི་ཟབ་སྦྱོང་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ལ་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་གི་འགྲོ་གྲོན་མཐུན་འགྱུར་འཇར་མན་རྒྱལ་ཁབ་ནང་གི་ཐེབས་རྩ་ (Friedrich Naumann Foundation) ནས་གནང་ཡོད།
གཞན་ཡང་ཕྱི་ཚེས་ ༡༩ ཉིན་ཟབ་ཁྲིད་གནང་མཁན་རྣམ་གཉིས་དང་ཐོག་སྤོན་ཊ་ཆོལ་གསུམ་ས་གནས་སུ་ཕེབས་འབྱོར་སྐབས། དེ་གའི་ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས་དང་བཟོ་ཚོགས་ཀྱི་ཚོགས་གཙོས་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགོ་ལས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་དང་སྦྲགས།ས་གནས་འགོ་འཛིན་གྱིས་རེ་བསྐུལ་ཞུས་དོན་བཞིན།ཚོགས་སྡེ་ཁག་ཏུ་གཟིགས་སྐོར་ཡང་གནང་ཡོད་པ་བཅས། །