བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་མུ་མཐུད་གནང་བཞིན་པ།

 ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ (Uttarakhand) མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད།

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མངའ་སྡེའི་སློབ་སྟོན་གཙོ་འཛིན་སྐུ་ཞབས་ཡོའི་ཐུ་ཝིར་ (Shri Yudth Veer ji, RSS state Parcharak) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་།  དེ་རྗེས་རྒྱ་གར་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་མངའ་སྡེའི་དྲུང་ཆེ་ཆེན་མོ་སྐུ་ཞབས་ན་རི་ཤ་བྷན་སལ་  (Mr. Naresh Bansal, state General Secretary,BJP) མཆོག་དང་མཇལ་འཕྲད་གནང་ཡོད་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ (Press Club Uttaranchal) ཞེས་པའི་ཚོགས་ཁང་ནང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་། དེའི་སྐབས་རྒྱ་གར་གསར་འགོད་པ་མི་འདྲ་བ་ ༡༢ ཙམ་དང་ལྷན་དྲི་བ་དྲིས་ལན་དང་། བོད་དོན་ཁྱབ་སྤེལ་ཞུས་གནང་ཡོད་འདུག

དེ་ནས་མངའ་སྡེའི་དྲུང་ཆེ་ཆེན་མོ་ཟུར་པ་དང་དེང་སྐབས་མངའ་སྡེའི་གློག་གི་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སུ་པ་ཤི་ཀུ་མར་ནི་གི་ (Shri Subash Kumar Negi,  Former Chief Secretary, and Present Chairman of Uttarakhand Electricity Regulatory Commission)  མཆོག་དང་། རྒྱ་གར་བི་ཨེ་ས་བི་ (BSP) སྲིད་དོན་ཚོགས་པའི་རྫོང་གི་འགན་འཛིན་ས་ཏེའི་ཡ་པལ་མཆོག ར་ཇི་པུར་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁ་ཇན་ཌ་སི་ (Khajan Dass, MLA of UK) མཆོག

དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དུས་ཡུན་བརྒྱད་རིང་ལོ་ངོ་ ༤༠ ཙམ་ལ་འཐུས་མི་གནང་མྱོང་མཁན་སྐུ་ཞབས་ཧར་བྷན་ཀ་པུར་ (Shri Harbans Kapoor, Former speaker, and Senior Most MLA of UK)  མཆོག མ་སུ་རི་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷ་ནེ་ཤེ་ཇོ་ཤི་ (Shri Ganesh Joshi, Mussorie Constituency MLA)  མཆོག་བཅས་དང་མཇལ་འཕྲད་གནང་སྟེ།

སྤྱི་འཐུས་རྣམ་པས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ། བོད་འདི་རྒྱ་གར་གྱིས་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག བོད་མི་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཇི་ལྟར་བདག་གཅེས་བྱས་ཡོད་པའི་སྐོར་དང་། རྒྱ་གར་དབུས་སའི་གཞུང་མང་གཉིས་ནི་བོད་མི་ཚོར་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཆེན་པོ་ཡིན་པ་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་བཅས། །