སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས།

ཕྱི་ལོ་ ༢༠༡༢ ཟླ་བ་ ༡ ཚེས་ ༨ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ་མགོ་ལོག་དར་ལག་རྫོང་སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལམ་མཚན་གཞན་བསོད་བྷེ་ཞུ་བ་དགུང་ལོ་ ༤༢ ཅན་ནས་དར་ལག་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་སྟེ་ཡུལ་དུས་དེ་ག་རང་ལ་སྐུ་སྲོག་ཤོར་འདུག

        སྐབས་དེའི་གནས་སྟངས་དངོས་སུ་མཐོང་མཁན་ནས་བརྗོད་གསལ་ལྟར་ན། སྤྲུལ་སྐུ་བསོད་ནམས་དབང་རྒྱལ་གྱིས་སྐུ་ལ་ཆོས་གོས་བཞེས་བཞིན་གཞུང་ལམ་སུམ་མདོར་སྐུ་ལུས་མེར་བསྲེགས་བཏང་འདུག་པ་དང་། ཁོང་གིས་སྐུ་ལུས་ལ་ས་སྣུམ་མང་པོ་བཤོས་ཁར། ས་སྣུམ་མང་པོ་ཞལ་དུ་བཏུང་ཡོད་སྟབས་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་ཅིང་། ཉེ་འཁོར་གྱི་བོད་མི་ཚོས་མེ་གསོད་ཐབས་བྱས་ཀྱང་། ཁོང་གིས་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་ལམ་དུ་རྒྱུགས་ཏེ་སར་འགྱེལ་རག་བར་དུ་སྐད་འབོད་གནང་ཡོད་པ་དང་། དེའི་མུར་རྫོང་གི་ཉེན་རྟོག་པས་སྐུ་ཕུང་འཁྱེར་རྩིས་བྱེད་སྐབས། ས་གནས་བོད་མི་ཚོས་སྐད་འབོད་བྱས་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག

གནས་ཚུལ་ཡོང་ཁུངས་གཞན་ནས་ངོ་སྤྲོད་བྱས་པ་ལྟར་ན།  ཁོང་གིས་རང་ལུས་མེར་བསྲེགས་མ་བཏང་གོང་དར་ལག་རྫོང་ཐོག་གི་གྱང་ལྡེབས་སུ་ཡི་གེ་མང་པོ་སྦྱར་ཡོད་པ་དང༌།   རང་ལུས་མེར་བསྲེགས་གཏོང་སྐབས་སྐད་འབོད་བྱེད་བཞིན་རླུང་རྟ་དང་ཡི་གེ་ཡང་གཏོར་འདུག

སྦྱར་ཡིག་དེ་དག་གི་ནང་དུ། ཁོང་གིས་རང་སྲོག་བློས་གཏོང་བྱེད་པ་འདི་སྒེར་གྱི་ཁེ་ཕན་ཆེད་དུ་མིན་པར། བོད་ལ་རང་དབང་དང་བདེ་སྐྱིད་ཡོང་ཆེད་དང། རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོར་དྲན་གསོ་ཞུ་བའི་ཆེད་དུ་ཡིན་པ་དང་། ལྷག་དོན་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ཡིན་པས་བོད་མི་ཚོས་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་མ་བརླགས་པ་བྱེད་དགོས།  བོད་ལ་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཤར་ངེས་རེད་ཅེས་སོགས་བྲིས་ཡོད་པ་དང༌། དེ་བཞིན་བོད་མི་ཚོས་རྒྱ་མིའི་ལྟོ་བཟའ་རྒྱུ་མེད།  རྒྱ་མིའི་དངོས་ཟོག་ཉོ་རྒྱུ་མེད།  བོད་མི་རང་ཉིད་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་དགོས་ཞེས་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱ་རྒྱུ་མེད་པ་སོགས་ཀྱི་སྐོར་བྲིས་གནང་ཡོད་ཚོད།

སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་ནི་མགོ་ལོག་ཨ་སྐྱོང་གི་སྟོད་ཤོག་ཚོ་བ་བཅུ་སོགས་ཀྱི་དགེ་ལུགས་དང་རྙིང་མ་རིས་མེད་ཀྱི་དགོན་པ་ཞིག་ཡིན། ཕྱི་ལོ་ ༡༨༣༧ ལོར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ཕྱག་བཏབ། ཕྱི་ལོ་༡༩༣༦ ལོར་ཀུན་གཟིགས་པན་ཆེན་སྐུ་ཕྲེང་དགུ་བ་ཆེན་པོ་དགོན་འདིར་ཕེབས་སྐབས། སྐྱ་ཤུལ་དགེ་སློང་ཐུབ་བསྟན་རྒྱ་མཚོ་སོགས་ཀྱིས་དགོན་མགོ་པན་ཆེན་རིན་པོ་ཆེ་ལ་ཕུལ།  པཎ་ཆེན་མཆོག་གིས་ཀྱང་དགྱེས་བཞིན་གཙང་ནས་ཐད་ཀར་སྐྱོང་བཞེས་གནང་རྒྱུ་ཞལ་གྱིས་བཞེས་ཏེ། བཅའ་ཡིག་ཆེན་མོ་གནང་བར་མ་ཟད། དགོན་པའི་མཚན་ཡང་བསྟན་གཉིས་དར་རྒྱས་གླིང་ཞེས་གསོལ།།

Menu