སྟག་འཚེར་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་མཆོག་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། ༸སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༧ ཉིན་འབྲས་སྤུངས་བླ་སྤྱི་ནས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག ཆོས་རིག་དྲུང་འཕར་བདུད་འདུལ་ལགས། སྟག་རྩེ་བླ་བྲང་གི་སྐུ་འཁོར་ཁག་ཅིག འབྲས་སྤུངས་ཁྲི་པ་དགེ་བཤེས་དཀོན་མཆོག་དཔག་བསམ་མཆོག་བཅས་དབུ་བཞུགས་ཐོག་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་འདུག


ཕྱི་ཚེས ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་འབྲས་སྤུངས་ཚོགས་ཆེན་མང་ཇའི་སྐབས།  འབྲས་སྤུངས་ཁྲི་པ་དགེ་བཤེས་དཀོན་མཆོག་དཔག་བསམ་མཆོག་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བསྟན་འཛིན་སྟག་ལྷ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག འབྲས་སྤུངས་བློ་གསལ་གླིང་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག ཆོས་རིག་དྲུང་འཕར་བདུད་འདུལ་ལགས། མོན་གྷོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། ཆོས་ཁྲིམས་པ་དགེ་བསྐོས་རྣམ་གཉིས། གཞན་ཡང་སྟག་རྩེ་བླ་བྲང་གི་སྐུ་འཁོར་ཁག་ཅིག་བཅས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དབུས་སུ་དུང་རྒྱ་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་རྗེས། རིམ་བཞིན་འབྲས་སྤུངས་ཁྲི་པ་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ། མོན་གྷོ་ས་འགོ་བཅས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་ཡོད།      དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ནས། སྐྱབས་གནས་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྐུ་མགྲོན་རྣམ་པར་སྔར་བཞིན་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་མཆོག་ཆེད་བཅར་གནང་བ་དང་། གསོལ་སྟོན་གྲུབ་མཚམས། གྲྭ་ཚང་གི་ཕྱག་མཛོད་རྣམ་པས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། མཁན་རིན་པོ་ཆེ་མཆོག་གིས་ཕྱག་རྟགས་ཕུལ་གནང་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོའི་ནང་ཆོས་ཞུགས་ལེགས་པར་གྲུབ་པའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཤིང་། ཐོག་མར་སྟག་འཚེར་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་ཟིན་རྗེས། རིམ་པས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག འབྲས་སྤུངས་ཁྲི་པ་དཀོན་མཆོག་དཔག་བསམ་མཆོག ཆོས་རིག་སྐུ་ཚབ་དྲུང་འཕར་བདུད་འདུལ་ལགས། འབྲས་སྤུངས་སྒོ་བློ་གཉིས། དགའ་ལྡན་ཤར་བྱང་གཉིས། རྭ་སྟོད་བཅས་ཀྱི་མཁན་པོ་ལས་ཟུར་རྣམ་པ་དང་། དགའ་ལྡན་ཁྲི་གདན་ཟུར། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། སེ་ར་བྱེས་སྨད་གཉིས། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་བཅས་ཀྱི་སྐུ་ཚབ་རྣམ་པས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། གཞན་ཡང་གྲྭ་ཚང་ཤར་ནུབ་ཀྱི་དབུ་ཆོས་རྣམ་པ་དང་། འབྲེལ་ཡོད་ཁང་ཚན་ཁག གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས། ཚོགས་སྡེ་ཁག་གི་འཐུས་མི་དང་། མང་ཚོགས་བཅས་ཀྱིས་མཇལ་དར་བསྒྲོན་འབུལ་དང་། ཉིན་གུང་སྐུ་མགྲོན་རྣམ་པ་གྲྭ་ཚང་གི་རབ་གསལ་ཁང་དང་། མི་མང་རྣམས་ལ་ཆོས་རྭའི་ནང་དུ་གསོལ་ཚིགས་གོ་སྒྲིག་ཞུས་གནང་ཡོད་འདུག མཐར་བླ་བྲང་གི་ཕྱག་མཛོད་ནས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ལེགས་འབུལ་དང་། མཇལ་དར་ཕུལ་ཏེ་མཛད་སྒོ་ལེགས་པར་གྲུབ་གནང་ཡོད་པ་བཅས། །