༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༠ ཉིན་སྦིར་ས་གནས་སུ་ཆགས་པའི་སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་མཁན་ཐོག་བཞི་པའི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཚོགས་གནང་བ་དང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་༧སྐྱབས་རྗེ་མཁན་ཆེན་པདྨ་ཤེས་རབ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག གཞན་ཡང་དགོན་སྡེ་ཁག་གི་དབུ་འཛིན་དང་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དབུ་བཞུགས་ཐོག སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་མཁན་ཐོག་ཁྲི་རབས་བཞི་པའི་མཚན་གནས་བཞེས་མཁན་གྱི་མཁན་པོ་བཅུ་བཞི་དགོན་པའི་རིགས་བདག་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། མཁན་ཆེན་པདྨ་ཤེས་རབ་མཆོག་གི་སྐུ་མདུན་ནས་བསྟན་འགྲོའི་དོན་དུ་དམིགས་པའི་དམ་བཅའ་ཕུལ་རྗེས་མཁན་པོའི་ལག་འཁྱེར་དང་དབུ་ཞྭ་བསྩལ་ནས་མཁན་པོའི་ཁྲིར་མངའ་གསོལ་ཞུས་གནང་སོང་།
དེ་ནས་མཁན་ཐོག་བཞི་པ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་མཇལ་དར་ཕུལ་རྗེས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་དང་། དགོན་པའི་མཁན་པོ་ཨོ་རྒྱན་རིག་འཛིན་ནས་དགོན་པའི་ལོ་རྒྱུས་སྙིང་བསྡུས་སོགས་ངོ་སྤྲོད་གསུང་བཤད་གནང་བ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་མཆོག དེ་བཞིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་པདྨ་ཤེས་རབ་མཆོག དགོན་པའི་རིགས་བདག་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སོང་།
མཛད་སྒོའི་སར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བོད་ཀྱི་ནང་ཆོས་ནི་བདག་ཅག་གི་སྟོན་པས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་མཐར་མངོན་པར་སངས་རྒྱས་པའི་རྗེས་སུ་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བ་དང་། དེ་ཡང་གནས་ལུགས་ཇི་བཞིན་མཁྱེན་པའི་ཐོག་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་གསུང་གི་ཁྱད་ཆོས་སྟེ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།། བསྟན་པ་རྙེད་དང་བཀུར་བསྟི་དང་།། བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ཅེས་གསུངས་པ་བཞིན་འགྲོ་བ་རིགས་དྲུག་གམ་འཛམ་གླིང་འདིའི་སྐྱེ་འགྲོ་ཀུན་ལ་ཕན་པའི་ནང་ཆོས་ཀྱི་དོན་གནད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་བརྒྱུད་སོ་སོའི་བླ་ཆེན་རྣམ་པས་ཐུགས་ཁུར་ཆེ་བསྐྱེད་ཀྱིས་ནང་དོན་ཇི་བཞིན་འགྲེལ་བཤད་གནང་བར་བརྟེན། ནང་ཆོས་ཀྱི་ཟབ་དོན་རྣམས་ལ་དེང་གི་འཛམ་གླིང་ཤར་ནུབ་དང་། ཤེས་ཡོན་ཅན། འབྱོར་ལྡན་ཅན་མང་པོས་ནང་ཆོས་ལ་དོ་སྣང་གསར་པ་སླེབས་བཞིན་ཡོད། ཁྱེད་རྣམ་པར་མཁན་པོའི་མཚན་གནས་བཞེས་མཁན་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པར་བསྟན་པའི་ཁུར་ཆེན་བཞེས་ནས་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་མཛད་ཁུར་བཞེས་དགོས་པ་དང་། དེ་ཡང་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་དམ་པའི་ཚུལ་དགུའི་སྒོ་ནས་བསྟན་པའི་བྱ་བར་སྒྲུབ་དགོས་པ། སོ་སོའི་རྒྱུད་ལ་ཡོན་ཏན་གང་ནས་འབྱུང་བའི་དགོན་པ་འདི་དང་། རིན་པོ་ཆེའི་བཀའ་དྲིན་དྲན་དགོས་ཚུལ། གཞན་ཡང་ནང་ཆོས་ནི་འཛམ་གླིང་ཞི་བདེར་སྨན་པའི་བྱམས་པ་དང་། བརྩེ་བ། འཚེ་མེད་ཞི་བའི་སློབ་བྱའི་འབྱུང་ཁུངས་ལྟ་བུ་ཆགས་ཡོད། ༸གོང་ས་མཆོག་གི་བཀའ་སློབ་གསུངས་པ་བཞིན་ཕྱི་དངོས་པོའི་གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་བ་ཙམ་གྱིས་ནང་སེམས་ཀྱི་ཞི་བདེ་འབྱུང་མི་ཐུབ་པ་དང་། ཉོན་མོངས་དུག་གསུམ་དང་དུག་ལྔ་ཇི་ལྟར་ཡང་ང་རྒྱལ་དང་ཁོང་ཁྲོ་སོགས་སྐྱེས་དུས་རང་དང་རོགས། སྤྱི་ཚོགས་དང་། འཛམ་གླིང་ལའང་མི་བདེ་བའི་གནོད་སྐྱོན་ཡོང་གི་འདུག་བ། སྤྱི་ཚོགས་འགྱུར་བ་གཏོང་བ་ལ་དང་པོ་རང་ནས་འགོ་བརྩམས་ཏེ་ངས་ཡོང་ཐུབ་ཀྱི་མ་རེད་བསམ་པ་དོར་ནས་རང་གི་ཞི་བདེ་འབྱུང་ཐབས་ནང་ཆོས་ལ་ཉམས་ལེན་བྱ་དགོས་པ་དང་། དེ་ནས་གཞན་ལ་ཕན་བདེ་སྒྲུབ་དགོས། སྔོན་མར་གྲུབ་པ་ཐོབ་མཁན་དང་། དེར་བརྟེན་རྫུ་འཕྲུལ་བསྟན་མཁན་ཡོད་པ་བཤད་ཀྱི་ཡོད་བ་དེང་སང་མིག་ལམ་དུ་མཐོང་རྒྱུ་མི་འདུག་བ་ཡིནའང་མེད་པ་ཡིན་རྒྱུ་མ་རེད། མ་མཐོང་བ་ཡིན་རྒྱུ་རེད་དེ། ནང་ཆོས་ཀྱི་ཁྱད་ཆོས་རྣམས་མི་གཞན་ལ་ཡིད་ཆེས་རྙེད་ཐབས་བྱ་དགོས་པ་གལ་ཆེན་པོ་ཡིན་ཚུལ་དང་། ནང་ཆོས་མདོ་སྔགས་གཉིས་ལ་མདོ་ཕྱོགས་ཀྱི་སྐོར་དང་། སྔགས་ཕྱི་ནང་། སྔགས་ནང་པ་ལའང་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཐེག་པ་རིམ་དགུའི་ཆོས་ཚུལ་རྣམས་གཞན་ལ་ཇི་བཞིན་འཆད་ཐུབ་པ་དང་། རང་གི་ཉམས་ལེན་ལ་སྦྱར་ཐུབ་དགོས་པ་སོགས་གསུངས་གནང་སོང་།
མཐའ་དོན་དུ་དགོན་པའི་མཁན་ཐོག་དང་པོའི་མཁན་པོ་ཐུབ་བསྟན་འཇམ་དཔལ་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་མཛད་སྒོ་ཡོངས་སུ་མཐའ་བསྡུས་སོ།