སྒོ་ཝའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་ཚོགས་གཙོ་མཆོག་གིས་དབུས་གནད་ཡོད་མི་སྣས་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།

སྒོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་བློན་ཆེན་གཞན་ཁག་གཅིགསྒོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་བློན་ཆེན་གཞན་ཁག་གཅིག

སྒོ་ཝ། ཟླ་ ༨ ཚེས་ ༢༨། སྒོ་ཝ་མངའ་སྡེའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐབས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱིས་དབུས་གནད་ཡོད་མི་སྣ་མང་པོས་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་གནང་ཡོད།
དེ་ཡང་ཟླ་ ༨ ཚེས་ ༢༥ ཞོགས་པ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྐུ་ཚབ་ཚོ་ཁག་གཅིག་སྒོ་ཝ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་ Simon D’Souza ལགས་ཀྱི་སར་ངོ་བཅར་ཞུས་ཏེ། བོད་དོན་སྤྱི་དང་ལྷག་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་ཞུས་པར་ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་ཞལ་བཞེས་གནང་བ་མ་ཟད། བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་སྐྱོན་གནང་ཡོད་པ་རེད།

དེ་རྗེས་སྒོ་ཝ་མངའ་སྡེའི་རི་ལི་བློན་ཆེན་ཟུར་པ་སྐུ་ཞབས་ Jose Philip D’Souza ལགས་ཀྱི་སར་ངོ་བཅར་ཞུས་ཏེ། གོང་བཞིན་བོད་དོན་སྙན་སེང་ཞུས་པར་ཁོང་ནས་བོད་དོན་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་སྐོར་བཀའ་གནང་བ་དང་ཆབས་ཅིག་བོད་དོན་ཞུ་སྙན་སྟེང་བློན་ཆེན་ཟུར་གཏན་ཞལ་གཉིས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་སྐྱོན་གནང་ཡོད་པ་རེད། ད་དུང་སྐབས་དེར་བློན་ཆེན་ཟུར་པ་མཆོག་གི་སར་ངོ་བཅར་ཡོད་པའི་གནད་ཡོད་མི་སྣ་རྣམས་ནས་ཀྱང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད།
ཟླ་ ༨ ཚེས་ ༢༥ ཉིན་བོད་དོན་ཚོགས་འདུའི་ཐོག་རྒྱ་གར་རང་བཙན་འཐབ་རྩོད་པ་སྐུ་ཞབས་ Nagesh Karmali ལགས་ཀྱིས་གསུང་བཤད་གནང་སྐབས་བོད་ནི་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོོགས་ཀྱི་གསུང་བཤད་གནང་ཡོད། ཚོགས་འདུ་གྲུབ་མཚམས་རྒྱ་གར་ཡུལ་མི་མང་པོ་ Panaji གྲོང་ཁྱེར་ནང་ཡོད་པའི་རང་བཙན་ཐང་ཆེན་དུ་འདུ་འཛོམས་དང་འབྲེལ་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་། སྐབས་དེར་ད་དུང་གློག་བརྙན་ཁྲབ་སྟོན་པ་དང་སྤྱི་ཚོགས་ལས་འགུལ་ལྕམ་སྐུ་ Meenacshi Martins ལགས་ཆེད་ཕེབས་ཀྱིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་སྟེ་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེ་བསྟན་གནང་ཡོད།

ཟླ་ ༨ ཚེས་ ༢༥ དགོང་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་སྒོ་ཝ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Rajendra Arlekarམཆོག་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་ཞུས་པར་ཚོགས་གཙོ་མཆོག་ནས་བོད་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཡིན་པ་དང་། བོད་མིར་བདེན་རྒྱབ་ཞུ་རྒྱུ་ནི་བཟང་སྤྱོད་ཀྱི་འགན་ཡིན་པ་སོགས་བཀའ་གནང་སྟེ། རྒྱལ་ཚོགས་སུ་འབུལ་ལམ་ཞུ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་སྟེ་བོད་མིར་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་བསྟན་གནང་ཡོད།
ཟླ་ ༨ ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་བོད་མིའི་སྐུ་ཚབ་ནས་རྒྱ་གར་གྱི་མཚོ་དམག་འགོ་ཁྲིད་ཟུར་པ་ Admiral Sunil K. Damle མཆོག་མཇལ་འཕྲད་ཞུས་ཏེ། བོད་དོན་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་ཞུས་པར་ཁོང་ནས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་བཀོད་གནང་ཡོད།

ཟླ་ ༨ ཚེས་ ༢༧ ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་བོད་མིའི་སྐུ་ཚབ་སྒོ་ཝ་མངའ་སྡེའི་ལས་ཁུངས་ཨ་མར་ཆེད་བཅར་གྱིས་བློན་ཆེན་གྱི་གོ་གནས་ཡོད་པ་སྒོ་ཝ་མངའ་སྡེའི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Narendra Sawaikar མཆོག་མཇལ་འཕྲད་ཞུས་ཏེ། ཁོང་ལ་བོད་དོན་སྤྱི་དང་བདེན་པའི་མེ་ལྕེའི་ལས་འགུལ་སྐོར་ངོ་སྤྲོད་ཞུས་པ་དང་། སྐུ་ཞབས་ Narendra Sawaikar ལགས་ནས་བོད་དོན་ཞུ་སྙན་སྟེང་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་གནང་ཡོད།
དེ་རྗེས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Shripad Y. Naik མཆོག་མཇལ་འཕྲད་ཞུས་ཏེ་ཁོང་ལ་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྐོར་ངོ་སྤྲོད་ཞུས་པར་ཁོང་ནས་བོད་དོན་ལ་རྒྱུན་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བཀའ་གནང་བ་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་པའི་བོད་དོན་སྐུ་ཚབ་ནས་སྒོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Manohar Parrikar མཆོག་མཇལ་འཕྲད་ཞུས་ཏེ་ཁོང་ལ་བོད་དོན་ཞུ་སྙན་འབུལ་ལམ་ཞུས་པ་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སོགས་ཞིབ་ཕྲ་ངོ་སྤྲོད་ཞུས་པར། ཁོང་ནས་བོད་དོན་ལ་དུས་རྟག་ཏུ་གདུང་སེམས་མཉམ་བསྐྱེད་ཡོད་པ་མ་ཟད། བོད་དོན་ཞུ་སྙན་དེ་བཞིན་རྒྱ་གར་དབུས་གཞུང་ལ་འབུལ་ལམ་ཞུ་རྒྱུའི་ཞལ་བཞེས་གནང་། དེ་ནས་སྤྱི་ཁྱབ་བློན་ཆེན་མཆོག་དང་ཁོང་གི་ཕྱག་འབྲེལ་བློན་ཆེན་དང་མངའ་སྡེ་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད།
ཟླ་ ༨ ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྒོ་ཝ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སྐུ་ཞབས་ Prof. A V Afonsa ལགས་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་འཇུག་འགན་འཛིན་སྐུ་ཞབས་ Prof. V P Kamat གཙུག་ལག་སློབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Prof. Rahul Tripathi བཅས་རིམ་བཞིན་མཇལ་འཕྲད་དང་བོད་ནང་གི་ད་ལྟའི་གནས་སྟངས་དང་། བོད་དོན་ལས་འགུལ་ངོ་སྤྲོད་ཞུས་པར་ཁོང་རྣམས་ནས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་སྟེ་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་གནང་ཡོད།

དེ་རྗེས་མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vishnu Wagh མཆོག་མཇལ་འཕྲད་དང་གོང་བཞིན་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུས་པར་ཁོང་གིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་སྟེ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་གནང་ཡོད། དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་རྒྱ་གར་དབུས་གཞུང་གི་ཁྲིམས་ཞིབ་བློན་ཆེན་ཟུར་པ་སྐུ་ཞབས་ Ramakant Khalap མཆོག་མཇལ་འཕྲད་ཞུས་ཏེ་བོད་དོན་དང་བོད་མིའི་བདེན་པའི་འཐབ་རྩོད་སྐོར་སྙན་སེང་ཞུས་པར་ཁོང་གིས་སེམས་ཚོར་ཆེན་པོས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་བ་མ་ཟད། བོད་དོན་ཞུ་སྙན་སྟེང་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་གནང་ཡོད།

ཕྱི་ཚེས་ ༢༨ ཞོགས་པ་ཆུ་ཚོད་ ༧ པའི་ཐོག་ཝ་སེ་ཀོ་བོད་མིའི་འཐུས་མི་གཉིས་སྒོ་ཝའི་གྲོང་ཁྱེར་ཝ་སེ་ཀོ་ནས་ཐོན་ཏེ། སྒོ་ཝ་ Goa དང་ཀར་ན་ཊ་ཀ་ Karnatakaམངའ་སྡེ་གཉིས་ཀྱི་ས་མཚམས་ཀར་ཝར་ Karwar རྫོང་བར་བདེན་པའི་མེ་ལྕེ་གདན་ཞུ་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོར་རྩིས་འབུལ་ཞུ་རྒྱུ་ཡིན་པ་དང་། ད་རེས་སྒོ་ཝའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་རིང་ཁུལ་འདིའི་རྒྱ་གར་ནང་པའི་སྒྲིག་འཛུགས་ལ་སོགས་རྒྱ་གར་བ་སྒེར་པ་ཁག་གཅིག་དང་། ཤེས་ཡོན་མི་སྣ་དང་། ཁྲིམས་རྩོད་པ། སྒྱུ་སྩལ་མི་སྣ། མི་མང་། སློབ་ཕྲུག ཆབ་སྲིད་མི་སྣ་སོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐུབ་བྱུང་ཡོད་པ་མ་ཟད། ཟླ་ ༨ ཚེས་ ༢༨ ཉིན་གུང་ཆུ་ཚོད་ ༡༢ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་ MES མཐོ་སློབ་ནས་གདན་ཞུ་གནང་བ་ལྟར། སློབ་མ་ཁག་གཅིག་ལ་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་དོན་སྐོར་གསུང་བཤད་གནང་རྒྱུཡིན་པ་བཅས།