སྒང་ཏོག་ས་འགོའི་ཁྱབ་ཁོངས་སུ་སྤྱི་འཐུས་གཟིགས་སྐོར་ལེགས་གྲུབ་བྱུང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༢༥ ནས་ཕྱི་ཟླ་ ༩ པའི་ཚེས་ ༥ བར་རྒྱ་གར་འབྲས་ལྗོངས་ལ་བྱང་ཤར་གྱི་བོད་མིའི་འདུས་སྡོད་ས་གནས་ཁག་ ༡༨ ཙམ་ལ་གཟིགས་སྐོར་ཕྱོགས་སྐྱོད་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ ཉིན་སྒང་ཏོག་ས་འགོའི་ཁྱབ་ཁོངས་ཀྱི་ས་མཚམས་གཡང་སྒང་དུ་ས་འགོ་རྡོ་རྗེ་རིག་འཛིན་ཆེད་བཅར་གྱིས་ཕེབས་བསུའི་སྣེ་ལེན་དང་བཅས་ལམ་བར་དུ་སོག་གཡུང་དྲུང་གླིང་བོན་པོ་དགོན་པར་མཆོད་མཇལ་ཞུས་ཏེ་དགོང་མོ་སྒང་ཏོག་ས་གནས་སུ་འབྱོར།

སྒང་ཏོག་ས་གནས་འགོ་འཛིན་དང་ལྷན་སམ་བྷོ་ཊའི་ཉིན་སློབ་ཏུ་བཅར་ཏེ་སློབ་གྲྭའི་གནས་སྟངས་སྔ་ཕྱིའི་བྱུང་རིམ་བཅས་ལ་གཟིགས་ཞིབ་གནང་བ་དང་། གཞན་ཡང་འབྲས་ལྗོངས་ལ་བྱང་ཕྱོགས་སུ་བསྐྱོད་དེ་རང་རིགས་འབྲོག་ཁྱིམ་ཁ་འཐོར་དུ་གནས་པ་ཁག་གི་འཚོ་བའི་གནས་སྟངས་རྟོག་ཞིབ་ཆེད་འབྲས་ལྗོངས་ལ་བྱང་ས་ཁག་ཐང་སྒོ་དང་། འབྲུག་ཁུག ལྷོ་ནག གྲོང་འགུག ཚ་སྟེང་། མུག་ཤི་ཐང་། ལ་ཆུང་། ཆུང་ཐང་། སྤ་གོང་། མན་གྷན། ག་བི་བབ་ཆག་བཅས་ཀྱི་ས་གནས་སོ་སོར་རིམ་བསྐྱོད་ཀྱིས་མི་མང་གི་གནས་སྟངས་གཟིགས་ཞིབ་གནང་ཡོད་པ་རེད།

འབྲུག་ཁུག་བོད་མིའི་འབྲོག་པ་ཁྱིམ་ཚང་ ༡༤ ཙམ་ནས་ཤོད་དོན། “ཁོང་ཚོ་སྔ་མ་བོད་ས་མ་ཤོར་གོང་ནས་ས་གནས་འདི་བོད་ཀྱི་ལུང་པར་སོང་འབྲོག་པའི་འཚོ་བ་སྐྱེལ་ནས་སྡོད་མཁན་ཞིག་ཡིན་པས་མ་ཚད། དུས་ད་ལྟའི་བར་བོད་སར་བོད་ཀྱི་འབྲོག་པའི་འཚོ་བ་མ་ཉམ་བརྒྱུད་འཛིན་བྱས་ཡོད་པ་འདིར་བོད་མི་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཡོད། ང་ཚོར་རེ་བ་ཞིག་ཡོད་པ་ནི་བོད་རང་བཙན་ཞིག་ག་དུས་ཐོབ་ན་བསམ་ནས་དེ་རང་བསྒོམས་ནས་བསྡད་ཡོད་ལ། ༼སྐད་ཆ་བརྙན་བླངས་ཡོད།༽ང་ཚོ་འབྲོག་པའི་འཚོ་བ་ཟེར་དུས་འབྲི་གཡག་འཚོ་སྐྱོང་གཅིག་པུ་མིན་པར་སོ་སོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དམིགས་བསལ་བོད་ཀྱི་འབྲོག་པའི་འཚོ་བ་སྐྱོང་སྟངས་དེ་མི་རབས་རྗེས་མ་ཚོར་རྩིས་སྤྲད་ཐུབ་ན་བསམ་ནས་ད་བར་ཨུ་ཚུགས་བྱས་པ་ཡིན། གཞན་སོ་སོའི་ལྟོ་གོས་གཅིག་པུར་བསམ་བློ་གཏོང་ན་ཧ་ཅང་གྲང་ངར་ཆེ་ལ་མཐུན་རྐྱེན་དཀའ་ངལ་ཡོད་ས་འདིར་མ་བསྡད་ནའང་དེང་སང་ལྟོ་གོས་ཤིག་གང་དུ་སོང་ཡང་རག་ངེས་རེད། དམིགས་བསལ་བོད་སྐད་གཙང་མ་ཞིག་ཡོང་དགོས་པ་གལ་ཆེན་དུ་མཐོང་ནས་གནས་ཡུལ་ལུང་པའི་སྐད་ཀྱི་ཤུགས་རྐྱེན་ག་ཚོད་ཆེ་ཡང་ཨུ་ཚུགས་བྱས་ནས་ནང་ཁུལ་ལ་ང་ཚོ་གཙང་གམ་པའི་སྐད་གཙང་མ་རང་བེད་སྤྱོད་གཏོང་བཞིན་ཡོད་ཅེས་བཤད།”འདུག་པར་སྤྱི་འཐུས་རྣམ་གཉིས་ནས་ང་ཚོད་བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་རིག་གཞུང་བརྒྱུད་འཛིན་གནང་དགོས་པ་ལྡོག་ཏུ་མེད་པའི་ལས་འགན་ཡིན་པ་དང་། ལྷག་པར་དུ་ཁྱེད་རང་ཚོ་བོད་ཀྱི་ས་མཚམས་ཁུལ་དུ་གཏན་སྡོད་གནང་མཁན་ཚོར་ཕྱོགས་མང་པོ་ཞིག་ནས་སོ་སོར་ལུང་པ་མེད་པའི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་ངེས་ལ་སོང་། དེ་ཚོར་གདོང་ལེན་གནང་སྟེ་སོ་སོའི་བུ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཚད་ལྡན་ཞིག་བེད་སྤྱོད་གཏོང་ཐུབ་མཁན་ཞིག་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས་ནམ་ཡང་ལྷོད་གཡེང་མ་ཤོར་བ་དགོས་པ་བཅས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

ཕྱི་ཚེས་ ༣༡ ཉིན་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་སུ་གཟིགས་སྐོར་གྱིས་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་ཉི་མ་བཟང་པོ་དང་ལས་དྲུང་ཀུན་དགའ་ཚེ་འཕེལ་གཉིས་དང་ལྷན་སྤྱི་ཡོངས་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་བྱུང་རིམ་དང་། ལྷག་པར་དེང་སང་འབྲས་ལྗོངས་སྒང་ཏོག་ས་འགོའི་ཁྱབ་ཁོངས་ཀྱི་ཁ་འཐོར་བོད་མིའི་གནས་སྟངས། དེ་བཞིན་ལས་ཁུངས་ཀྱི་ངོས་ནས་རྣམ་ཀུན་ཕྱག་ལས་གནང་ཕྱོགས། འདས་མ་ད་གསུམ་གྱི་གནས་སྟངས་མང་པོ་ཞིག་ལ་ཕན་ཚུན་རྒྱུས་ལོན་བྱས་པ་དང་། དམིགས་བསལ་ད་ལན་འབྲས་ལྗོངས་ལ་ཆེན་ལ་ཆུང་ཕྱོགས་ཀྱི་ཁ་འཐོར་བོད་མི་ཚོར་དངོས་སུ་ངོ་ཐུག་སྐབས་བདེ་སྡུག་རེ་ཞུས་ཁག་དེ་སྔོན་ས་འགོ་ལས་ཁུངས་ནས་གཟིགས་རྟོག་གནང་ཐུབ་བྱུང་ཡོད་མེད་བཅས་ཀྱི་སྐོར་གནད་དོན་རེ་རེ་བཞིན་གོ་བསྡུར་ཞིབ་འཇུག་བྱས། གཞན་ཡང་ཉེ་ཆར་སྒང་ཏོག་ས་འགོ་ལས་ཁུངས་བཟོ་བཅོས་བྱས་པའི་བརྒྱུད་རིམ་ངོ་སྤྲོད་དང་ལྷན་ས་འགོ་ལས་ཁུངས་ཀྱི་སྟེང་ཤོད་ཚང་མར་བཟོ་བཅོས་གང་ལེགས་བྱུང་བར་གཟིགས་ཞིབ་གནང་།

དེ་རྗེས་སྔ་འགྱུར་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་གདན་ས་མཆོད་རྟེན་དགོན་པ་དང་། འབྲས་ལྗོངས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་དྲན་རྟེན་དཔེ་མཛོད་ཁང་བཅས་སུ་མཆོད་མཇལ་གནང་།

ཕྱི་ཟླ་ ༩ པའི་ཚེས་ ༡ གདན་ས་རུམ་བཏེགས་དགོན་དུ་ཕེབས་པ་དང་དགོན་པའི་ཕྱག་མཛོད་ལས་སྣེ་རྣམས་ནས་ཕེབས་བསུའི་མཇལ་དར་དང་བཅས་སྣེ་ལེན་གནང་། དེ་ནས་དགོན་པ་མཆོད་མཇལ་དང་སྡེ་དགོན་གཉིས་ཀའི་མི་མང་ལ་ཚོགས་འདུའི་ཐོག་༸གོང་ས་མཆོག་གི་མཛད་འཕྲིན། བཙན་བྱོལ་བོད་མིའི་སྤྱི་ཡོངས་ཀྱི་གནས་སྟངས། བོད་ཀྱི་སྐད་ཡིག་ལ་སྔར་ལྷག་ཐུགས་སྣང་འགན་འཁུར་ཆེ་བཞེས་དགོས་པ། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་དམིགས་བསལ་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གི་གནས་ཚུལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་དང་ད་ལྟའི་ཆར་འགན་ཁུར་ཕྱག་ལས་གནང་ཕྱོགས་བཅས་ཀྱི་སྐོར་ལ་གཏམ་བཤད་དང་། མི་མང་ནས་དྲི་བ་ཁག་ལ་ལན་འདེབས་བྱས་རྗེས་དཔལ་ཟུར་མང་ཀརྨ་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཕེབས་ཏེ་དགོན་པའི་ལས་སྣེ་ནས་སྣེ་ལེན་གནང་ཏེ་མཆོད་མཇལ་གནང་།

ཕྱི་ཚེས་ ༢ ཉིན་སྒང་ཏོག་ས་གནས་སུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པའི་དུས་དྲན་ཐེངས་ ༥༨ པའི་མཛད་སྒོར་བཅར་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་དང་མི་མང་ལ་གཏམ་བཤད། དྲི་བ་དྲིས་ལན་བཅས་གྱི་ཚོགས་འདུ་བྱས།

ཕྱི་ཚེས་ ༣ ཉིན་གྱི་ཞོགས་པ་ས་མཚམས་སྣ་ཐོད་ལ་ཕྱོགས་སུ་བོད་མི་ཁ་འཐོར་མེ་ལེ་ ༤ པ་དང་ ༡༥ པ། མཚོ་འགོ། བཤས་ར་ཐང་། སྐུ་འབུབ། ནག་ཐང་བཅས་འབྲས་ལྗོངས་ལ་ཤར་ཕྱོགས་སུ་བསྐྱོད་དེ་ཁ་འཐོར་རང་རིགས་མི་མང་རྣམས་དང་རིམ་མཇལ་གྱིས་ཉིན་དེའི་དགོང་མོ་ནག་ཐང་དུ་འབྱོར་ནས་ས་གནས་མི་མང་དང་ལྷན་ཚོགས་འདུ་དང་། མི་མང་གི་མི་འཐུས་རྒྱ་མཚོ་ལགས་ནས་ས་གནས་མང་ཚོགས་ཀྱི་གནས་སྟངས། ལྷག་པར་ས་གནས་འདིར་ལོ་མང་རིང་སྐུའི་འཁྲུངས་སྐར་དུས་ཆེན་དང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་མུས་མ་ཟད། གསུམ་བཅུའི་དུས་དྲན་སྐབས་ས་གནས་འདིར་རི་ལུང་ཚང་མ་གངས་དང་འཁྱགས་པས་བཟུང་ཡོད་ཀྱང་མི་མང་ཚོས་ཁ་བའི་གྲང་ངར་ལ་མ་འཛེམས་པར་གསུམ་བཅུའི་དུས་དྲན་ཉིན་སྐད་འབོད་དང་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག་པར་ས་མཚམས་གལ་གནད་འདི་འདྲར་བོད་མི་ཚོ་སེམས་ཤུགས་མ་ཆགས་པར་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གནང་མུས་ལ་བསྔགས་བརྗོད་གནང་ཡོད་པ་རེད།

ནག་ཐང་ས་གནས་སུ་ཕྱི་ལོ་ ༡༨༨༦ ལོར་བཞེངས་པའི་དགོན་པ་ནག་ཐང་དགའ་ལྡན་ཆོས་གླིང་མཆོད་མཇལ་དང་། ཕྱི་ལོ་ ༡༨༩༠ ནས་ ༡༩༠༩ བར་དབྱིན་བོད་དམག་འཁྲུག་སྔ་རྗེས་སྐབས་བོད་དམག་མང་པོ་དམག་སར་འདས་གྲོངས་སོང་བའི་བང་སོའི་ས་ཕུང་ངོས་བོད་དམག་གི་མཚན་བྱང་འཁོད་པ་མཇལ་ཏེ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ཞིང་།། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོངས་བར་མཛོད།། ཅེས་སྨོན་ལམ་ཚིག་བཞི་ཚིག་རྗེས་དོན་དྲན་གྱི་གདུང་ཤུགས་དྲག་པོས་ཐུགས་སྨོན་གནང་ཡོད་པ་རེད།

ཕྱི་ཚེས་ ༥ ཉིན་སྒང་ཏོག་ས་གནས་ཀྱི་གུ་རུ་ལྷ་ཁང་དང་། ས་སྐྱ་དགོན་པ་བཅས་སུ་གནས་གཟིགས་ཀྱིས་ད་ལན་སྤྱི་འཐུས་རྣམ་གཉིས་ནས་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་གྱི་ཁབ་ཁོང་བོད་མིའི་འདུས་སྡོད་ས་ཁག་ ༡༨ ཙམ་ལ་གཞུང་དོན་ཕྱོགས་སྐྱོད་ལེགས་གྲུབ་བྱུང་ཡོད་འདུག་པ་བཅས།