སྐུ་ཞབས་ཤན་ཏ་ཀུ་མར་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་རྗེས་སྤྱི་ལྷན་དུ་ཕེབས་པ།

IMG_2542

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༢ ཉིན་རྒྱ་གར་དབུས་ཀྱི་བློན་ཆེན་ཟུར་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ནས་དེ་རིང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་གཙོ་བོ་ཁོང་གིས་འབྲི་རྩོམ་གནང་བའི་ཕྱག་དེབ་ ( Red flag over the Himalaya ) ཞེས་པ་ ༡༩༦༥ ལོར་དཔར་སྐྲུན་དང་པོ་ཞུས་ནས། ད་རེས་སླར་ཡང་དཔེ་དེབ་དེའི་ཐོག་ད་ལྟའི་བར་གྱི་དོན་གནད་གལ་ཆེ་ཁག་བསྣན་ཏེ་དཔར་སྐྲུན་ཞུ་འཆར་ཡོད་པ་ལྟར། དཔེ་དེབ་དེར་ཆེད་བརྗོད་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་བསྩལ་ཡོང་བ་དང་། ལྷག་པར་འབྱུང་འགྱུར་དཔེ་དེབ་དེ་བཞིན་ཞལ་ཕྱེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས། གཞན་ཡང་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གྲོས་ཚོགས་དང་སྤྱི་ཡོངས་ནས་འགན་འཁུར་གང་ཙམ་བཞེས་དགོས་པ་བཅས་ཀྱི་བཀའ་བསྡུར་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་དང་། བཀའ་བསྡུར་སླད་འཁྱུག་ཙམ་གདན་ཞུས་ལྟར་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཐོག་སྤྱི་ལྷན་དུ་ཕེབས་ཏེ་སྤྱི་ལྷན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་དང་སྦྲགས་མཇལ་འཕྲད་ཞུས་ཏེ་རིང་མིན་རྒྱ་གར་གྱི་གྲོས་ཚོགས་བསྐྱང་རྒྱུའི་སྐབས་འཐུས་མི་རྣམས་པར་འབྲེལ་ལམ་ཞུ་ཕྱོགས་སྐོར་ལའང་བཀའ་བསྡུར་གནང་ཡོད་པ་རེད།།

Menu