སྐུ་ཞབས་ཕེ་གྲི་རིག་མར་ཛི་མཆོག་ཇར་མན་སྲིད་བློན་ལ་བདམས་ཐོན་བྱུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ པའི་ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཕེ་གྲི་རིག་མར་ཛི་ (Friedrich Merz) མཆོག་ཇར་མན་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཇར་མན་གྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ཇར་མན་གཞུང་མང་གཉིས་ནས་ལོ་མང་རིང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་རྒྱལ་ཁབ་ནང་ཐེངས་མང་ཆིབས་བསྒྱུར་གནང་བར་བརྟེན་ནས་ང་ཚོའི་དབར་ཕན་ཚུན་གུས་བརྩི་དང་། འབྲེལ་བ་སྔར་ལྷག་དམ་ཟབ་བྱུང་ཡོད།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ནི་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་ཙམ་མ་ཟད། འཛམ་གླིང་འདིའི་སྟེང་བྱམས་བརྩེ་དང་། འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་ལ་ཞབས་འདེགས་ཞུ་ཐུབ་མཁན་གྱི་རིག་གཞུང་ཞིག་ཀྱང་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདིར། དེའི་དགོས་མཁོ་སྔར་ལས་ལྷག་པ་ཆགས་ཀྱི་ཡོད།
སྲིད་བློན་མཆོག་གིས་སྣེ་ཁྲིད་པའི་ཇར་མན་གཞུང་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག ཇར་མན་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་དོན་རྣམས་ལ་གྲུབ་འབྲས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །