སྐབས་ ༦ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་བསྐོ་འཛུགས།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༩ པའི་དགོངས་དོན་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དུམ་བུ་གཉིས་པའི་དོན་ཚན་ ༡༢༠ དང་ ༡༢༡ ནང་གསལ་རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་དང་མཇུག་སྐྱོང་དུས་ཐོག་ཞིབ་ཚགས་ཡོང་ཆེད་དུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར་། ད་ལམ་སྐབས་ ༦ པའི་ཚོགས་ཆུང་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་རྨོག་རུ་བསྟན་པ་མཆོག སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་ཡོད་པ་དང་། ཚོགས་ཆུང་ནས་སྒྲིག་གཞིའི་དགོངས་དོན་བཞིན་ལས་ཡུན་ཟླ་དྲུག་སྔོན་མའི་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༡་་༡༢ དང། ༢༠༡༢་་༡༣ ལོའི་རྩིས་ཞིབ་སྙན་ཐོ་འབྱོར་རིགས་ཆ་ཚང་ལ་ཞིབ་འཇུག་དང། དེ་བཞིན་ཟླ་དྲུག་རྗེས་མར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་སྙན་ཐོར་སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པར་མཇུག་སྐྱོང་གནང་བའི་ཁོངས་ནས་ཐག་གཅོད་དང་གཙང་སེལ་མ་བྱུང་བའི་རིགས་ལ་ཞིབ་འཇུག་བཅས་ཞིབ་ཚགས་གནང་རྒྱུ། དེའི་ཐོག་ཚོགས་གཙོ་སྦྲེལ་པོ་མཆོག་གི་དམིགས་བསལ་ལམ་སྟོན་ཇི་གནང་ལྟར་ཞིབ་འཇུག་གནང་སྒོ་ཁག་གནང་སྟེ། གྲུབ་དོན་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༩ པར་འགོད་འབུལ་ཟིན་པ་དགོས་རྒྱུ་ཞེས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཀོད་ཁྱབ་གནང་ཡོད་པ་རེད།

 

Menu