སྐབས་ ༡༧ པར་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་འབུལ་ཞུས་པ།

ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་བར་བརྒལ་ཚོགས་གཙོ་མཆོག་ནས་དམ་འབུལ་བཞེས་བཞིན་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གནང་བ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པར་བདམས་ཐོན་སྤྱི་འཐུས་རྣམ་པས་རེ་རེ་བཞིན་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གི་དྲུང་དུ་ལས་ཁུར་དམ་འབུལ་ཞུས་གནང་ཡོད།

སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོའི་སྐབས།

སྐབས་དེར་བར་བརྒལ་ཚོགས་གཙོ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གཙོས་པའི་ཕྱག་སྦྲེལ་སྤྱི་འཐུས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་གསུང་དོན། དང་པོ་དེ་ལ་བདག་ཅག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཡོངས་རྫོགས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དེ་རིང་དམ་འབུལ་ལེགས་གྲུབ་བྱུང་བར་ངས་བར་བརྒལ་ཚོགས་གཙོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གནས་ཚུལ་མང་པོ་ཞུ་མ་དགོས་པའི་ཐོག་ནས་དེ་རིང་ནས་བཟུང་ལོ་ལྔའི་རིང་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་བའི་ཐོག་ནས་མང་ཚོགས་ཀྱི་རེ་བ་དང་། ཡིད་ཆེས་བྱས་པ་གཞིར་བཟུང་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོད་མིའི་འཐབ་རྩོད་དང་། སྤྱི་དོན་ཐོག་ལ་ང་ཚོས་ནུས་པ་མཉམ་སྤུངས་གནང་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད་པ་རེད། དེའི་ཐོག་ལ་ཚང་མས་དེ་ལྟར་གནང་རྒྱུའི་རེ་བ་ཞུ་གི་ཡོད། དེ་རིང་གི་དམ་འབུལ་གྱི་མཛད་སྒོ་འདི་ནས་གྲུབ་པ་ཡིན། ཞེས་གསུངས་གནང་ཡོད་པ་བཅས། །