སྐབས་ ༡༧ པའི་སྤྱི་འཐུས་གསར་དུ་ཕེབས་མཁན་རྣམ་པའི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་ (Angels Inn Resort) ཞེས་པའི་གསོལ་མགྲོན་ཁང་དུ་ཕྱི་ཚེས་ ༢༣ ནས་ ༢༧ བར་ཉིན་གྲངས་ལྔའི་རིང་གོ་སྒྲིག་གནང་བའི་སྐབས་ ༡༧ པའི་གྲོས་ཚོགས་ནང་གསར་དུ་ཕེབས་པའི་སྤྱི་འཐུས་རྣམ་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་སོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་སོང་།

དེ་ཡང་ཕྱི་ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ཙམ་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་གཙོ་སྐྱོང་འོག་ཟབ་སྦྱོང་ནང་ཞུགས་མཁན་སྤྱི་འཐུས་རྣམ་པ་དང་། ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས། དཔལ་འབྱོར་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་བཅས་ལྷན་འཛོམས་ཐོག ཟབ་སྦྱོང་ནང་ཞུགས་མཁན་སྤྱི་འཐུས་རྣམ་པས་ད་རེས་ཀྱི་ཟབ་སྦྱོང་འདིས་ཕན་ཐོགས་ཅི་ཆེ་བྱུང་གནས་དང་། དོགས་འདྲི། མ་འོངས་ལེགས་སྤེལ་སོགས་ཀྱི་དགོངས་འཆར་སྣ་ཚོགས་གསུངས་པ་མ་ཟད། གཙོ་བོ་ད་རེས་ཟབ་སྦྱོང་འདིས་ཕན་རླབས་བྱུང་བར་འགན་འཁུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་བ་དང་།

དེ་ནས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྣམ་པས་མ་འོངས་ལེགས་སྤེལ་ཐོག་དགོངས་འཆར་གང་ཕུལ་བ་རྣམས་ཚོགས་གཙོ་སྦྲེལ་པོའི་ངོས་ནས་མ་འོངས་པར་གང་ཐུབ་བསྒྲུབ་རྒྱུའི་ཞལ་བཞེས་དང་སྦྲགས་གསུང་དོན། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་མང་པོ་ཞིག་རོགས་ཚོགས་ལ་བརྟེན་དགོས་ཀྱི་ཡོད་པ་དང་། དེ་ཡང་རོགས་ཚོགས་མི་འདྲ་བ་ཨ་རིའི་ (DRL) དང་ (NDI) བཅས་གཉིས་ཡོད་ཅིང་།  (DRL) ཡིས་ལོ་གཅིག་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་སྲ་བརྟན་བཟོ་རྒྱུར་རོགས་དངུལ་ཞིག་གནང་བསྡད་ཀྱི་ཡོད་པ་དེ་ནས་ང་ཚོས་ལས་འཆར་ག་ཚོད་བསྒྲིག་ཐུབ་ཀྱི་ཡོད་པའི་འཆར་གཞི་བཟོས་ཏེ་ཕུལ་ཟིན་པ་རེད། (NDI) ཡིས་ལོ་ལྔའི་འཆར་གཞི་ཐོག་ནས་གཙོ་བོ་ཞུ་གཏུག་གི་ལས་འགུལ་ལ་དཔག་པའི་ང་རང་ཚོའི་ཆབ་སྲིད་མི་སྣ་ཚོའི་འགོ་འཁྲིད་ནུས་པ་བསྐྱེད་བསྲིང་དང་། དེ་འདྲའི་ཐོག་གི་གཙོ་བོ་ལས་འཆར་ཞིག་རེད་འདུག དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ཐོག་ནས་མ་འོངས་པར་དེ་འདྲའི་ཟབ་འཁྲིད་གང་མང་མང་ཡོང་ཐབས་གནང་གི་ཡོད་པ་དང་། གཅིག་ནས་འགོ་འཁྲིད་ནུས་པ་བསྐྱེད་བསྲིང་དང་། གཞན་ཡང་སྤྱི་འཐུས་ཚོར་ཐབས་བྱུས་ཀྱི་ཟབ་སྦྱོང་། ཐབས་བྱུས་ཟེར་དུས་ཚང་མས་མཁྱེན་གསལ་ལྟར། ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཆགས་བསྡད་ཡོད་པ་དང་། ང་ཚོ་ཚང་མ་ཆབ་སྲིད་ཐོག་འགན་ཁུར་མཁན་བོད་མི་མང་སྤྱི་འཐུས་ཆགས་བསྡད་དུས། ལོ་ལྔའི་རིང་ལ་ང་ཚོས་བོད་དོན་འཐབ་རྩོད་ཆེད་དུ་ལས་འཆར་ཇི་ལྟར་བང་བསྒྲིག་དགོས་ཀྱི་འདུག་གམ། ལས་འཆར་ཐོག་ནས་ལོ་ལྔའི་ནང་བསྒྲུབ་ཐུབ་པ་གང་འདུག་གམ། དཔེར་ན་བོད་འདི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཡིན་པ་དེ་སྒྲུབ་དགོས་པ། ང་རང་ཚོའི་བསྒྲགས་གཏམ་གང་ཡིན་ནའང་འདྲ། སྐད་ཆ་ག་དུས་བཤད་ནའང་། བོད་འདི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཡིན་པ་འགོད་དགོས་པ། བོད་ལ་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ཡིག་ཐོག་ལོ་རྒྱུས་ཡོད་པ་རྣམས་ནན་བརྗོད་བྱེད་དགོས་པ་སོགས་གསུངས་པ་དང་། དེ་བཞིན་རྒྱ་གར་ཆབ་སྲིད་མི་སྣ་དང་། ཤེས་ཡོན་མི་སྣ། བསམ་བློའི་བང་མཛོད་སོགས་གང་མང་མང་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུའི་ལས་རིམ་དང་། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་བོད་དོན་ཞུ་སྐུལ་སླད་ཕེབས་རྒྱུའི་ལས་འཆར། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་རྒྱུ་སོགས་ཀྱི་ལས་འཆར་སྐོར་དང་། སྤྱི་འཐུས་རྣམ་པས་རྒྱུན་ཏུ་ནས་གྲོས་ཚོགས་ནང་གི་ལས་དོན་དང་། ཁྲིམས་སྒྲིག་བསྐྱར་བཅོས་སྐབས་ཆ་ཤས་བཞེས་སྟངས་བཅའ་ཁྲིམས་ལ་ཡང་ཡང་གཟིགས་པ་ཡིན་ན་རྒྱུས་མངའ་ཆེ་རུ་འགྲོ་ངེས་རེད་ཅེས་སོགས་གསུངས་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། དེ་རིང་འདིར་ཕྱོགས་མཐའ་ཁག་ནས་ཕེབས་མཁན་དང་། རྡ་སའི་གཡས་གཡོན་ལ་བཞུགས་མཁན་ཡིན་ནའང་རེད། དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་བཅས་ཚང་མས་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཐོག་ཧ་ལས་པའི་དོ་སྣང་ཆེན་པོས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ང་ཚོའི་བསམ་བློ་གཏོང་སྟངས་བྱས་པ་ཡིན་ན། སྔོན་མ་ནས་ཟབ་སྦྱོང་འདི་འདྲ་གནང་རྒྱུའི་ལམ་ལུགས་ཡོད་པ་བཞིན། ད་ལྟའི་དུས་ཚོད་ལ་ཟབ་སྦྱོང་དང་པོ་དེ་གཙོ་བོ་ཁྲིམས་སྒྲིག་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ཕུལ་ནས། དེ་ཚོའི་ཐོག་གོ་རྟོགས་ཤུགས་ཆེན་པོ་ཡོང་ཐབས་གནང་སྟེ། མ་འོངས་པར་འཛིན་སྐྱོང་མཉམ་དུ་ཕྱག་ལས་གནང་སྐབས་དང་། གྲོས་ཚོགས་ནང་ཁྲིམས་བཟོའི་ལས་དོན་སོགས་གནང་སྐབས། རྣམ་པ་ཚོས་ཚད་མཐོ་པོའི་ཐོག་ནས་ཆ་ཤས་བཞེས་ཐུབ་རྒྱུ་དང་། བཀའ་མོལ་གསུང་ཐུབ་རྒྱུའི་དམིགས་ཡུལ་འདྲ་པོ་ཟིན་ཡོད་རེད། ནམ་རྒྱུན་འདྲ་ཡིན་ན། གྲོས་ཚོགས་འཐུས་མིའི་ནང་ལོགས་ནས་སྤྱི་འཐུས་རྒན་པ་ཁྲིམས་སྒྲིག་ཐོག་སྦྱངས་པ་ཡོད་མཁན་རྣམས་ཟབ་སྦྱོང་འབུལ་བར་གདན་འདྲེན་ཞུས་ནས་ཟབ་འཁྲིད་གནང་བ་དེ་འདྲ་བྱུང་ཡོད་རེད། ད་ལྟའི་ཆར་རྩ་བའི་སྤྱི་འཐུས་རྒན་པ་དེ་འདྲ་ཡོད་རེད། ཡིན་ནའང་གཙོ་བོ་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱིས་བཅའ་ཁྲིམས་དང་། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་དམིགས་བསལ་འགན་ཁུར་ནས་རྣམ་པ་ཚོར་ཟབ་སྦྱོང་འབུལ་ཐུབ་པ་ཡིན་ན་ཕལ་ཆེར་ཐུགས་ཕན་གསོ་ཐུབ་པའི་གདེང་ཚོད་འདྲ་པོ་ཡོད་རེད། སྔོན་མ་འདྲ་ཡིན་ན། བཅའ་ཁྲིམས་གཅིག་པུར་ཉིན་གཅིག་ཙམ་ཡོད་པ་དང་། དྲུང་ཆེ་རྣམ་པ་ཕེབས་ནས་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་རྒྱུའི་ལམ་ལུགས་དེ་འདྲ་ཡོད་མ་རེད། འདི་ད་ལོ་གསར་པ་བཟོས་པ་རེད། ཉིན་མ་ལྔའི་ནང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཙམ་མིན་པར། མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་ཚང་མའི་ཐོག་མཁྱེན་རྟོགས་གང་ལ་གང་འཚམ་ཡོང་བ་ཡིན་ན། དེ་ནས་རིམ་པས་ཡར་རྒྱས་གཏོང་རྒྱུ་འདྲ་ཡོང་གི་རེད་བསམ་པ་རེད། དམིགས་ཚད་དེ་འདྲ་ཟིན་ནས་ཟབ་སྦྱོང་སྤྲོད་སྟངས་ཐོག་ཕྲན་བུ་ལེགས་བཅོས་བཏང་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།

དེ་རིང་འདི་ནས་འགོ་འཛུགས་ཏེ་མ་འོངས་པར་ང་ཚོའི་ལས་དོན་བྱེད་ཕྱོགས་ཐད་མཉམ་རུབ་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ་ང་ཚོ་ཚང་མའི་འགན་རེད། རྩ་བའི་ང་ཚོ་ཚང་མ་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་དང་། དེ་ནས་བཅའ་ཁྲིམས་གཞིར་བཟུང་དམ་བཅའ་ཕུལ་བ་རེད། དམ་བཅའ་ཕུལ་བའི་རྗེས་ལ་ང་ཚོ་ཚང་མ་བོད་ཀྱི་སྤྱི་མི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། སྤྱི་མི་ཚད་ལྡན་ཞིག་ཡོང་དགོས་ཀྱི་རེད། མ་འོངས་པར་དོགས་པ་རྣམ་རྟོག་གང་ཡོད་པ་ཡིན་ནའང་སེལ་དགོས་པ་དང་། དམ་བཅའ་གཞིར་བཟུང་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་བྱེད་ཐུབ་རྒྱུ་དང་། རྣམ་པ་ཚོ་འདིར་མཉམ་ཞུགས་གནང་མཁན་རེད། དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་སྤྱི་འཐུས་རྣམ་པ་བཅས་ཚང་མས་ཐུགས་ཁུར་ཆེན་པོའི་ཐོག་མཉམ་ཞུགས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་དེ་ལྟར་ཐུགས་ཁུར་དང་། མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

མཐའ་མ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཟབ་སྦྱོང་ནང་དངོས་སུ་ས་གནས་སུ་ངོ་ཕེབས་གནང་མཁན་དང་། དེ་བཞིན་དྲྭ་ཐོག་ནས་མཉམ་ཞུགས་གནང་མཁན་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱི་དྲོ་ཟབ་འཁྲིད་གནང་མཁན་ཡོངས་དང་། ཟབ་སྦྱོང་ནང་མཉམ་ཞུགས་པ་བཅས་ཡོངས་ལ་གསོལ་སྟོན་ཞིག་བཤམས་པའི་ཐོག་ཚོགས་དྲུང་ནས་ཟབ་འཁྲིད་པ་ཡོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག དེ་བཞིན་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་མཁན་དྲུང་ཆེ་རྣམ་པ།  དཔལ་འབྱོར་མཐུན་འགྱུར་གནང་མཁན་རོགས་ཚོགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། སྤྱི་འཐུས་རྣམ་པ་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་སྐབས་སྔ་དགོང་གསོལ་ཇ་བཞེས་ཏོག་གོ་སྒྲིག་གནང་མཁན་བདེ་སྲུང་དང་། ཕྱི་དྲིལ་ལས་ཁུངས། ཟབ་སྦྱོང་ཐོག་ཀམ་པུ་ཊར་དང་། དྲྭ་ལམ་གྱི་མཐུན་འགྱུར་གོ་སྒྲིག་གནང་མཁན་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་དང་ཕྱི་དྲིལ་སྒྲ་བརྙན་ཚན་པ། ཟབ་སྦྱོང་གོ་སྒྲིག་ཞུ་མཁན་ཚོགས་དྲུང་ལས་ཁུངས་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཐེངས་འདིའི་ཟབ་སྦྱོང་ལེགས་པར་གྲུབ་གནང་ཡོད།

རྩ་བའི་ཐེངས་འདིའི་ཉིན་ལྔའི་རིང་གི་ཟབ་སྦྱོང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། དེ་བཞིན་བོད་མིའི་འདུ་སྡོད་ཁག་དང་། ཕྱིའི་ཡུལ་གྲུར་འབྲེལ་ལམ་དང་། ལས་དོན་བྱེད་ཕྱོགས་སྐོར་དང་། མཛད་གཙོ་རྣམ་པའི་ཐོབ་ཐང་སྐོར་ལ་ཟབ་འཁྲིད་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ལ་ཟབ་འཁྲིད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང། བོད་རྒྱ་འབྲེལ་མོལ་སྐོར་ལ་ཟབ་འཁྲིད། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང། སྔོན་རྩིས་འགྲོ་སྟངས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་གནང་ཕྱོགས་སྐོར་བཅས་ཀྱི་ཐོག་ཟབ་འཁྲིད་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་སོ་སོའི་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་དང་། སྤྱི་འཐུས་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །

Menu